འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་16ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་12ཉིན་གྱི་དགོང་མོར། ཕ་རི་སིའི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་ཐོག 《ཕ་རི་སིའི་གྲོས་མཐུན་》ལ་གྲོས་འཆམ་བྱུང་ནས་2020ལོའི་རྗེས་གོ་ལོ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་བྱ་སྤྱོད་ལ་བཀོད་སྒྲིག་བྱས་པ་རེད། གྲོས་མཐུན་དེ་ནི་1992ལོར་གྲོས་འཆམ་བྱུང་བའི་《མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་》དང་། 1997ལོར་བཟོས་པའི་《ཅིང་ཏུའུ་གྲོས་ཆོད་ཡི་གེའི་》རྗེས་སུ་གོ་ལ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ངོ་བོའི་རང་བཞིན་ལྡན་པའི་ཡིག་ཆ་གཞན་ཞིག་ཡིན་པས་གོ་ལོ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་དེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ཞིག་ཏུ་སྐྱོད་འགོ་ཚུགས་ཡོད།
         ནང་དོན་ཐད་ནས་བལྟས་ན། 《ཕ་རི་སིའི་གྲོས་མཐུན་》དེས་ལོ་རྒྱུས་ཀྱིས་གནང་བའི་དེའི་གནས་བབ་ཆུད་ཟོས་སུ་བཏང་མེད་པ་དང་གཏོང་འབུད་ཉུང་གཏོང་དང་འཚམས་པ་བྱེད་པ་དང་། འགན་འཁྲི་དང་འོས་འགན། ཤུགས་རྒྱག་ཚད་དང་འཕེལ་རྒྱས་བར་མཐོངས་སོགས་ཀྱི་འབྲེལ་བ་ཐག་གཅོད་བྱེད་པའི་ཐད། དྲང་གཞག་ལུགས་མཐུན་དང་ཁྱོན་ཡོངས་དོ་སྙོམས་བྱེད་ཐུབ་པ་བྱུང་ཡོད། གྲོས་མཐུན་དེ་འཐུས་སྒོ་ཧ་ཅང་ཚང་པོ་ཞིག་མེད་རུང་དེས་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་གི་འཕེལ་རིམ་མདུན་ཕྱོགས་སུ་གོམ་ཆེན་ཞིག་སྤོ་རྒྱུར་འགོག་རྐྱེན་ཐེབས་མེད། རྒྱ་ཁྱབ་ཀྱི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་བའི་གཞི་རྩའི་སྒྲོམ་གཞི་བཙུགས་རྗེས་ཞིབ་ཕྲའི་ལས་དོན་མང་པོ་ཞིག་དང་དོན་འཁྱོལ་ཞིབ་ཕྲ་བྱ་རྒྱུ་རྗེས་སུ་འཇོག་ཆོག 《ཕ་རི་སིའི་གྲོས་མཐུན་》ནི་འགོ་ཚུགས་ས་གསར་པ་ཞིག་ཡིན་པ་ལས་མཇུག་འགྲིལ་ས་ཞིག་མ་རེད།
         《ཕ་རི་སིའི་གྲོས་མཐུན་》བཞག་པ་དེས་འཛམ་གླིང་རྒྱལ་ཁབ་ཁག་གི་ཁེ་ཕན་དང་གོ་ལ་ཧྲིལ་པོའི་ཁེ་ཕན་དོ་མཉམ་བྱུང་བ་མངོན་པ་དང་ཕྱོགས་ཁག་གི་ཆེས་རྒྱ་ཆེ་བའི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུས་པ་དང་འབད་བརྩོན་ཧུར་ཐག་བྱེད་པ་མངོན་གྱི་ཡོད། ཀྲུང་གོས་གྲོས་མཐུན་འཇོག་རྒྱུར་སྐུལ་མ་གཏོང་བའི་ཐད་ཕུལ་བའི་ལེགས་སྐྱེས་གལ་ཆེན་དེས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད།
         ཕ་རི་སིའི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་མ་འཚོགས་གོང་ཀྲུང་གོས་ཨ་རི་དང་། ཧྥ་རན་སེ། རྒྱ་གར། པར་ཙིར་སོགས་འབྲེལ་ཡོད་རྒྱལ་ཁབ་ཆེན་པོ་དང་རྒྱ་ཁྱབ་ངང་འབྲེལ་བ་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མ་དངུལ་དང་ཤུགས་རྒྱག་ཚད་སོགས་ཀྱི་དོ་གནད་ཀྱི་གནད་དོན་ཐད་ཐུན་མོང་གི་ངོས་འཛིན་ཆགས་རྒྱུར་རྩ་ཆེའི་སྒུལ་ཤུགས་སྦྱིན་ཡོད། མཐའ་མའི་《ཕ་རི་སིའི་གྲོས་མཐུན་》ཡིག་ཆའི་ནང་ཀྲུང་གོའི་འདོད་ཚུལ་མངོན་གསལ་དོད་པོར་བཀོད་པ་དང“ཐུན་མོང་ཡིན་ལ་འགན་འཁྲི་ཁྱད་པར་ཡོད་པའི”རྩ་དོན་མཐའ་འཁྱོངས་བྱེད་པ་ནས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་མ་དངུལ་གནད་དོན་ཐད“དམ་པ་དོན་གཉེར་གྱི་འཆར་གཞི”བཟོ་རྒྱུར་སྐུལ་མ་གཏོང་བའི་བར། ཀྲུང་གོས་སྤྱི་ཆིངས་དོན་འཁྱོལ་དང་དྲང་སྙོམས་མངོན་པའི་རྩ་དོན་ལ་སྐུལ་མ་གཏོང་ཆེད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ལེགས་སྐྱེས་ཕུལ་ཡོད། གྲོས་མཐུན་ལ་གྲོས་འཆམ་བྱུང་རྗེས་ཀྲུང་གོ་ཕྱོགས་ཀྱིས་གྲོས་མཐུན་ལག་ལེན་བསྟར་རྒྱུར་སྐུལ་མ་ཧུར་ཐག་བཏང་སྟེ་མཉམ་ལས་གཉིས་ཕན་གྱི་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་མ་ལག་འཛུགས་རྒྱུའི་རྣམ་འགྱུར་བསྟན་ཡོད།
         ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་ཐད་ཀྱི་ཀྲུང་གོས་སྤེལ་བའི་བྱ་སྤྱོད་ངོ་མ་དང་། དེ་བཞིན་ཐཱན་ཉུང་འཕེལ་རྒྱས་བཏང་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཀྲུང་གོའི་བློ་རིག་དེས་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ལ་རྩ་ཆེའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། འཛམ་གླིང་དངུལ་ཁང་གི་གནམ་གཤིས་འགྱུར་ལྡོག་གི་དམིགས་བསལ་ཕོ་ཉ་ལུའེ་ཆེར·ཁའེ་ཐེས་ཕ་རི་སིའི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་ཚོགས་རིང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཀྲུང་གོའི་རང་བརྟེན་དམིགས་འབེན་ཏན་ཏིག་ཅིག་ཡོད་པ་དང་། ཀྲུང་གོས་ཐཱན་ཉུང་ཕྱོགས་སྒྱུར་འཚོལ་ཞིབ་བྱེད་པའི་ཀྲུང་གོའི་ལག་ལེན་དེས་འཛམ་གླིང་ལ“མིག་དཔེ་བཟང་པོ”བསྟན་ཡོད་ཅེས་གསལ་པོར་བཏོན་པ་དང་། གཞན་ཡང་ཀྲུང་གོས་ད་དུང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་། འཕེལ་རྒྱས་ཀྱི་དུས་རིམ། ནུས་པ་ངོ་མ་བཅས་དང་འཚམ་པའི་རྒྱལ་སྤྱིའི་འོས་འགན་རང་འགུལ་ངང་འཁུར་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་གནད་དོན་ཐད་འཁུར་བའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་ལེགས་པར་མངོན་ཡོད།
         མཐོང་རྒྱ་དེ་བས་ཆེ་བའི་ཁྲོད། མི་རྣམས་ཀྱིས་ད་དུང་《ཕ་རི་སིའི་གྲོས་མཐུན་》གྱི་དོན་སྙིང་ཟབ་མོ་དེ་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཙམ་མིན་ལ། གོ་ལ་ཧྲིལ་པོའི་དཔལ་འབྱོར་དེ་ཐཱན་ཉུང་ཕྱོགས་སྒྱུར་གྱི་བརྡ་རྟགས་ཆེན་པོ་ཞིག་མངོན་པ་ཙམ་མིན་པར། གྲོས་མཐུན་དེ་བཞག་རྗེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དམ་པ་དོན་གཉེར་གྱི་མཉམ་ལས་དང་བསྟུན་མཁས་དང་ཕན་ཚུན་གཞི་འཛིན་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱ་རྒྱུར་གཞི་འཛིན་ས་ལེགས་པོ་ཞིག་མཁོ་འདོན་བྱས་པ་དེ་ཡིན། 
      

    ཕྱོགས་བསྡུས་གསར་འགྱུར།