འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་ལ་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེན་པོ་ལྡན་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་06ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་རང་སྐྱོང་ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་ནས་ཤེས་རྟོགས་བྱུང་གསལ། 《བོད་རང་སྐྱོང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་》(2015ལོ་ནས་2025ལོའི་བར)ཉེ་ཆར་དངོས་སུ་ཁྱབ་བསྒྲགས་བྱས་པའི་ནང་། འབྱུང་འགྱུར་ལོ་བཅུའི་རིང་བོད་ཀྱིས་འབྲིང་སྣེ་དང་མཐོ་སྣེའི་འཛད་སྤྱོད་འཐུང་ཆུ་གཙོ་གནད་ཐོག་འཕེལ་རྒྱས་གཏོང་རྒྱུ་མ་ཟད། ད་དུང་ས་མཐོའི་སྐྱེ་དངོས་ཐོན་ཁུངས་ལ་བརྟེན་ནས་ས་མཐོའི་ཁྱད་ལྡན་བཏུང་བྱ་གཙོ་གནད་ཐོག་གསར་སྤེལ་བྱེད་རྒྱུ་ཡིན་ཞེས་གཏན་འཁེལ་བྱས་པས། འཐུང་ཆུའི་ཐོན་ལས་དམངས་ཕྱུག་བོད་དར་གྱི་ཐོན་ལས་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད།
         “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཅེས་འབོད་པའི་བོད་ལྗོངས་ནི་ཀྲུང་གོའི་ཆུའི་ཐོན་ཁུངས་ཆེས་འབེལ་བའི་ས་ཁུལ་ཞིག་རེད། ལོ་མང་རིང་བོད་ཀྱི་ཆ་སྙོམས་ཆུའི་ཐོན་ཁུངས་སྤྱི་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་4394ཟིན་ནས་རྒྱལ་ཡོངས་ཀྱི་16.5%བཟུང་བ་མ་ཟད། བོད་ཀྱི་འཐུང་ཆུར་རང་བྱུང་དང་། དྭངས་གཙང་། གནོད་མེད་སོགས་ཀྱི་ལེགས་ཆ་ལྡན་པས། རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེན་པོ་ལྡན་པའི་བོད་ཀྱི་ཁྱད་ལྡན་ལེགས་ལྡན་ཐོན་ལས་ཤིག་ཏུ་གྱུར་ཡོད།
         ཉེ་བའི་ལོ་ཤས་རིང་། བོད་ཀྱིས་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་ནས། རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་དང་བོད་རང་སྐྱོང་ལྗོངས་རང་བྱུང་འཐུང་ཆུའི་ལས་རིགས་མཐུན་ཚོགས་བཙུགས་པ་རེད། འབྲེལ་ཡོད་སྲིད་ཇུས་ལྟར་ན། བོད་ཀྱི་རང་བྱུང་འཐུང་ཆུའི་ཁེ་ལས་ཀྱིས་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ཀྱི་ཁེ་ལས་ཐོབ་ཁྲལ་གྱི་15%ཡི་ཁྲལ་ཚད་ལོངས་སྤྱོད་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་ལོ་3རིང་ས་གནས་ཀྱི་ཐོབ་ཁྲལ་ཁག་གཅིག་རྩ་ཆག་གཏོང་བའི་སྲིད་ཇུས་ཀྱང་ལོངས་སྤྱོད་བྱ་ཆོག་གི་ཡོད། གཞན་ཡང་། ཁེ་ལས་ཀྱིས་ད་དུང་སྐྱེད་ཀ་དམའ་བའི་དངུལ་བུན་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱ་ཆོག
         ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱིས་འཐུང་ཆུའི་ཐོན་ལས་རྒྱ་སྟོབས་ཆེ་རུ་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་ཆབས་ཅིག ཞི་མཐུན་བརྟན་ལྷིང་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། བདེ་འཇགས་ཐོན་སྐྱེད་བཅས་ཀྱི“མ་མཐའི་མཚམས་ཐིག་གསུམ”བརྟན་སྲུང་བྱེད་དགོས་པའི་བླང་བྱའང་བཏོན་ཡོད། བོད་ཀྱིས་ཆུ་ཁུངས་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་ཆུ་ཁུངས་ས་ཁུལ་སྲུང་སྐྱོང་རྒྱུད་ཀྱི་ས་མཚམས་འབྱེད་པ་དང་ཆབས་ཅིག གསར་སྤེལ་སྔོག་འདོན་བརྒྱུད་རིམ་ཚད་ལྡན་དུ་བཏང་ནས། སྒྲིག་འགལ་གྱི་གསར་སྤེལ་སྔོག་འདོན་བྱེད་སྤྱོད་ལ་ཆད་གཅོད་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་སྟེ། ཆུ་གསར་སྤེལ་ཁྲོད་ཀྱི་སྦགས་བཙོག་ཐེངས་གཉིས་པ་གཏན་འགོག་བྱ་རྒྱུ་ཡིན་པ་རེད།
         བོད་རང་སྐྱོང་ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་ཐིང་ཀྲང་ཤུས་ཧྥེས་ངོ་སྤྲོད་བྱས་པར་གཞིགས་ན། ཁྲོམ་རའི་དགོས་མཁོ་དང་གཟིགས་སྐྱོང་སྲིད་ཇུས་ལ་བརྟེན་ནས། 2014ལོར་བོད་ཀྱི་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་རང་བྱུང་འཐུང་ཆུའི་ཐོན་འབབ་ཏུན་ཁྲི་15.3ཟིན་ནས་60%འཕར་བའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་5.3ཟིན་པ་དང་། 2015ལོའི་ལོ་སྟོད་ཀྱི་ཐོན་འབབ་ཏུན་ཁྲི་10.7ཟིན་ནས་17%འཕར་ཡོད།
         མིག་སྔར་བོད་དུ་5100དང་ཇོ་མོ་གླང་མའི་འཁྱག་རོམ་སོགས་མཐོ་སྣེའི་འཛད་སྤྱོད་གཏེར་ཆུའི་སྤུས་རྟགས་དང་ཏ་ཀྲའོ་གཏེར་ཆུ་སོགས་སྤྱི་བྱིངས་འཛད་སྤྱོད་སྤུས་རྟགས་ཡོད་པ་ལས། སྒྲོལ་མ་གཏེར་ཆུ་སོགས་ཀྱི་སྤུས་རྟགས་ཧྲང་ཧའེ་དང་ཤང་ཀང་སོགས་ཀྱི་ཁྲོམ་རར་བཏོན་ཡོད།
         འཆར་འགོད་ལྟར་ན། 2020ལོར་སླེབས་སྐབས། བོད་ཀྱི་རང་བྱུང་འཐུང་ཆུའི་ཐོན་འབབ་ཏུན་ཁྲི་500དང་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་400ཡན་ཟིན་ནས་མི་ཁྲི་ལྷག་ཙམ་ལས་ཞུགས་ཐུབ་རྒྱུ་ཡིན་པ་དང་། སྐབས་དེར་བོད་རྒྱལ་ཡོངས་རང་བྱུང་འཐུང་ཆུ་མཁོ་སྤྲོད་བྱེད་ས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།