འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།མགོ་ལོག་ཀྲོའུ་ཡིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་ཞིང་འབྲོག་པར་ཕན་པ་བཏགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་06ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ནས་གནས་ཚུལ་འབྱོར་པ་གཞིར་བཟུང་། ཉེ་བའི་ལོ་ཤས་ནང་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡིས་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བ་དང་། བོད་རིགས་ས་ཁུལ་གྱི་ཡུག་འབྲེལ་གསར་འབྱེད་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱས་པ་དང་། རོགས་སྐྱོར་བྱས་ནས་དར་རྒྱས་བྱུང་བའི་ཁྱད་ལྡན་ཐོན་ལས་ཁག་གཅིག་ཞིང་འབྲོག་པ་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་ཐབས་ལམ་ནུས་ལྡན་དུ་གྱུར་ཅིང་། ལོ་ལྔའི་ནང་ཁྱོན་དུད་ཚང་ཁྲི་1.79ཡི་མང་ཚོགས་དབུལ་པོ་ཁྲི་7.09ལ་ཐད་ཀར་ཕན་པ་ཐོབ་ཡོད།
         མཚོ་ལྷོའི་མཐོ་གྲང་འབྲོག་ཁུལ་དུ་གནས་པའི་མགོ་ལོག་ཀྲོའུ་ཡིས་ཐོག་མཐའ་བར་གསུམ་དུ་དབུལ་སྐྱོར་གསར་སྤེལ་དམངས་འཚོའི་འདུ་འགོད་གལ་ཆེན་དུ་བརྩིས་ནས་ཇུས་འགོད་དང་ལག་བསྟར་བྱས་ཤིང་། ཀྲོའུ་ཨུད་དང་ཀྲོའུ་སྲིད་གཞུང་གིས་ཡུལ་བབ་དང་བསྟུན་ནས་ས་གནས་དེ་གའི་འབྲོག་ལས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་པ་དང་། རྒྱ་ཆེའི་གྲོང་ཚོ་དབུལ་པོས་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བ་དང་། བོད་རིགས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་གཏོང་བ། ཡུག་འབྲེལ་ཐོན་ལས་ཀྱི་གསར་སྤེལ་རྣམ་གྲངས་བཅས་ཀྱི་མ་དངུལ་ལ་བརྟེན་ནས་ཀྲོའུ་ཡོངས་ཀྱི་རྫོང་ཁག་ཏུ་སྣོད་བཅུད་གསོ་ཚགས་ལས་རིགས་དང་། བོད་ཇ་དང་ཀྲུང་ལུགས་དང་བོད་ལུགས་སྨན་རྒྱུ་འདེབས་འཛུགས། དབུལ་སྐྱོར་མགྲོན་ཁང་སོགས་ཀྱི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་པ་དང་། དཀར་ཆུ་དང་ཤ་རིགས་ཐོན་རྫས་ལས་སྣོན་གྱི་དབུལ་སྐྱོར་གྱི་ཀ་རྟེན་ཁེ་ལས་དང་དབུལ་སྐྱོར་ཆེད་ལས་མཉམ་ལས་ཁང་ཁག་གཅིག་འཕེལ་རྒྱས་བཏང་བས། ཁྱད་ལྡན་ཐོན་ལས་དེ་ས་ཁུལ་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཀ་རྟེན་ཐོན་ལས་སུ་རིམ་བཞིན་གྱུར་ཡོད།
         མིག་སྔའི་བར་ཀྲོའུ་ཡོངས་ཀྱི་རྫོང་6ཏུ་དབུལ་སྐྱོར་མགྲོན་ཁང་8དང་། ཚོང་ཁང་186སྔོ་ཚལ་དྲོད་ཁང་ཆེན་པོ་27ཐོན་ལས་ཅན་གྱི་དབུལ་སྐྱོར་ཀ་རྟེན་ཁེ་ལས་7བཅས་བཙུགས་ཡོད། ཀྲོའུ་ཡོངས་ཀྱི་གྲོང་ཚོ་དབུལ་པོས་སྣོད་བཅུད་གསོ་ཚགས་རྣམ་གྲངས་42འཕེལ་རྒྱས་བཏང་བས། གསོ་ཚགས་ལས་རིགས་དེས་ཞིང་འབྲོག་པ་དབུལ་པོའི་ཡོང་འབབ་ཁྲོད་ཀྱི་སྡུར་གྲངས་ཆེ་ཤོས་བཟུང་ཡོད།
         ཞིང་ཆེན་ཡོངས་ཀྱི་རྒྱ་ཁྱོན་ཆེ་ཤོས་བཟུང་བའི་གདོད་མའི་ནགས་ཚལ་ཁུལ་གྱི་པད་མ་རྫོང་གིས་བོད་ཇ་འདེབས་འཛུགས་གཙོ་བོར་བྱས་ཏེ་ནགས་ཁྲོད་དབུལ་སྐྱོར་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་བ་རེད། རྫོང་ཡོངས་ཀྱིས་བོད་ཇ་འདེབས་འཛུགས་ཀྱི་རྒྱ་ཁྱོན་མུའུ་150བར་མང་དུ་བཏང་ནས། ཞིང་འབྲོག་པའི་དབུལ་པོ་འབབ་འཕར་ལ་སྐུལ་ཁྲིད་ནུས་ལྡན་བྱས་ཤིང་། སྔོན་རྩིས་བྱས་ན་ལོར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་650ཡན་འཕར་བ་རེད།
         མགོ་ལོག་ཀྲོའུ་ཡིས་ཡུལ་སྐོར་ཐོན་ཁུངས་རྩེ་གྲའི་ལེགས་ཆ་འདོན་སྤེལ་བྱས་ནས། ཡུལ་སྐོར་ལྟ་སྐོར་དང་། བོད་ཁྱིམ་སྤྲོ་སྐྱིད་ཁང་གི་སྣེ་ལེན་གཙོ་བོར་བྱས་ཏེ་ཡུལ་སྐོར་དབུལ་སྐྱོར་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་བ་རེད། གཅིག་སྒྲིལ་རྫོང་གིས་གཉན་པོ་གཡུ་རྩེ་ཡུལ་སྐོར་ཡུལ་ལྗོངས་ཁུལ་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་དང་། བབ་ཆགས་ཀྱི་ཡུལ་སྲོལ་དམངས་ཆིངས་ལ་བརྟེན་ནས་རིག་གནས་ཀྱི་ཡུལ་སྐོར་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། བོད་ཁྱིམ་སྤྲོ་སྐྱིད་ཁང་དང་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་སོགས་ཁྱད་ལྡན་ཡུལ་སྐོར་ཡུལ་ལྗོངས་ཁུལ་ཁག་གཅིག་ཆགས་ནས་དུད་ཚང་དབུལ་པོའི་འབབ་འཕར་ལ་སྐུལ་ཁྲིད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།