འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཨོ་སི་ཁྲུ་ལི་ཡས་མྱུར་བགྲོད་གཞུང་ལམ་དོ་དམ་ཇི་ལྟར་བྱེད་ཀྱི་ཡོད་དམ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་14ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་769.2ཟིན་པ་དང་། རྒྱལ་ཡོངས་ཀྱི་གཞུང་ལམ་རིང་ཚད་བསྡོམས་འབོར་སྤྱི་ལེ་ཁྲི་90ཟིན་གྱི་ཡོད། ཨོ་སི་ཁྲུ་ལི་ཡའི་གཞུང་ལམ་རིམ་པ་གསུམ་དུ་དབྱེ་བ་སྟེ་རྒྱལ་ཁབ་ཀྱི་རིམ་པ་དང་། མངའ་སྡེའི་རིམ་པ། ས་གནས་ཀྱི་རིམ་པ་བཅས་རེད།
         ཨོ་སི་ཁྲུ་ལི་ཡའི་མྱུར་བགྲོད་གཞུང་ལམ་ནི་སྤྱིར་བཏང་རྒྱལ་ཁབ་གཞུང་ལམ་དང་མངའ་སྡེའི་རིམ་པའི་གཞུང་ལམ་ཡིན་ཞིང་། རིན་མེད་དང་གྲོན་བསྡུའི་རིགས་གཉིས་སུ་དབྱེ་ཡོད། རྒྱལ་ཁབ་གཞུང་ལམ་རིན་མི་བསྡུ་བའི་ཁོངས་སུ་གཏོགས་པ་དང་། དེ་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་རྨང་གཞིའི་སྒྲིག་བཀོད་དང་ས་གནས་འཕེལ་རྒྱས་པུས་གཅིག་གྱུར་འཆར་འགོད་དང་། འཛུགས་སྐྲུན། ཉམས་བཟོ་བཅས་བྱེད་ཀྱི་ཡོད། རྨང་གཞིའི་སྒྲིག་བཀོད་དང་ས་གནས་འཕེལ་རྒྱས་པུས་ལོ་ལྟར་རྒྱལ་ཁབ་གཞུང་ལམ་སྲུང་སྐྱོང་བྱེད་ཆེད། སྔོན་རྩིས་བཀོད་དེ་རྒྱལ་ཁབ་གཞུང་ལམ་དང་འགྲོ་ལམ་བདེ་འཇགས་ཤར་བགྲོད་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད། མངའ་སྡེ་རིམ་པའི་གཞུང་ལམ་གྱི་ལམ་དུམ་ཕལ་ཆེ་བར་གྲོན་དངུལ་མི་བསྡུ་བ་དང་རྨང་གཞིའི་སྒྲིག་བཀོད་དང་ས་གནས་འཕེལ་རྒྱས་པུས་མངའ་སྡེ་སྲིད་གཞུང་ལ་ནོར་སྲིད་རོགས་དངུལ་སྤྲོད་པ་དང་མངའ་སྡེ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་རོགས་དངུལ་དང་རང་མངའ་སྡེའི་ནོར་སྲིད་མ་དངུལ་སྤྱད་དེ་མངའ་སྡེའི་རིན་མེད་གཞུང་ལམ་སྐྲུན་པ་དང་སྲུང་སྐྱོང་བྱེད་ཀྱི་ཡོད།
         ཨོ་སི་ཁྲུ་ལི་ཡའི་གྲོན་བསྡུའི་གཞུང་ལམ་ཚང་མ་མངའ་སྡེ་རིམ་པའི་གཞུང་ལམ་ཡིན་མོད། འོན་ཀྱང་དེས་མངའ་སྡེ་རིམ་པའི་གཞུང་ལམ་གྱི་ཉུང་ཤས་ལས་བཟུང་མེད། རྒྱལ་ཡོངས་སུ་གྲོན་བསྡུའི་ལམ་དུམ་ཁག་16ཡོད་པ་དེ་དག་གཙོ་བོ་ཤིས་ཉི་དང་། མོར་པན། པུའུ་ལི་སི་པན་བཅས་གྲོང་ཁྱེར་དང་ས་ཁུལ་ཆེ་གྲས་གསུམ་དུ་གཅིག་སྡུད་བྱས་ཡོད། དེའི་ནང་གྲོན་བསྡུའི་ལམ་དུམ་བུ་ཁག་14ཀུང་སི་མི་འདྲ་བས་གཉེར་སྐྱོང་དང་ཉམས་བཟོ་བྱེད་ཀྱི་ཡོད། ཀུང་སི་དེ་དག་གིས་སྲིད་གཞུང་གི་གཞུང་ལམ་མ་དངུལ་ནོར་སྲིད་ཁ་གསབ་ཏུ་བརྩིས་ནས་ཀུང་སིའི་མ་རྐང་དུ་ཕབ་རྩི་མི་བྱེད་པ་དང་། ཁེ་ཕན་བགོ་བཤར་ཞུགས་ཀྱི་མེད། ཨོ་སི་ཁྲུ་ལི་ཡའི་གཞུང་ལམ་གཉེར་སྐྱོང་ཀུང་སི་ཚང་མ་སྒེར་གྱི་མ་འཇོག་སྒྲིག་གཞི་དང་སྒེར་གྱིས་མ་རྐང་བཟུང་བ་ཤ་སྟག་ཡིན་པ་རེད།
         གྲོན་བསྡུའི་གཞུང་ལམ་གྱི་གྲོན་བསྡུའི་ཚད་གཞི་གཙོ་བོ་དུས་ཚོད་དང་། འཁོར་དབྱིབས་ཆེ་ཆུང་། ལམ་ཐག་རིང་ཚད་བཅས་ཕྱོགས་གསུམ་ནས་གཏན་འཁེལ་བྱེད་ཀྱི་ཡོད། དེའི་ནང་ཤིས་ཉིའི་གྲོན་བསྡུའི་ལམ་དུམ་གྱིས་གྲོན་བསྡུའི་ལམ་དུམ་བསྡོམས་འབོར་གྱི་ཕྱེད་ཀ་བཟུང་གི་ཡོད། ལམ་དུམ་མི་འདྲ་བར་གྲོན་བསྡུའི་ཚད་གཞི་མི་འདྲ། ལམ་དུམ་འགའ་ཞིག་ཕྱོགས་གསུམ་པོ་དེ་དག་ལ་དཔེ་བལྟས་ནས་ལག་ལེན་བསྟར་བ་དང་། ལམ་དུམ་འགའ་ཞིག་དུས་ཚོད་དང་འཁོར་དབྱིབས་ལ་ལྟ་བ་ཡང་ལམ་དུམ་འགའ་ཞིག་འཁོར་དབྱིབས་ཁོ་ནར་ལྟ་གི་ཡོད། དཔེར་ན་མོར་པན་གྱི་གྲོན་བསྡུའི་གཞུང་ལམ་གྱིས་ཕྱོགས་གསུམ་པོ་དེ་གཞིར་བཟུང་ལག་ལེན་བསྟར་བ་དང་། པུའུ་ལི་སི་པན་བལྟོས་བཅས་ཀྱིས་སྟབས་བདེ་ཙམ་ཡོད་པ་སྟེ། འཁོར་དབྱིབས་ཆེ་ཆུང་ལ་གཞིགས་ནས་མ་གཏོགས་གྲོན་དངུལ་བསྡུ་གི་མེད།
         གྲོན་བསྡུའི་གཞུང་ལམ་གྱི་གྲོན་བསྡུའི་ཚད་གཞི་དག་གོང་དུ་གླེང་བའི་གྲོང་ཁྱེར་གསུམ་གྱི་ལོ་ལྟར་གྱི་འཛད་སྤྱོད་པའི་ཟོག་གོང་སྟོན་གྲངས་དང་བསྟུན་ནས་འགྱུར་ལྡོག་འགྲོ་བ་དང་། གཞི་རྩའི་ཆར་ལོ་ལྟར་ཟླ་7ཚེས་1ཉིན་གྱི་ནོར་སྲིད་ལོ་གྲངས་གསར་པ་དང་བསྟུན་ནས་ལེགས་སྒྲིག་དང་དུས་མཚུངས། རང་སོའི་གཞུང་ལམ་ཀུང་སིའི་དྲ་ཚུགས་སུ་ཐོག་ལེགས་སྒྲིག་བྱས་རྗེས་ཀྱི་རིན་གོང་ཞིབ་གསལ་རེའུ་མིག་འགོད་ཀྱི་ཡོད།
         ཨོ་སི་ཁྲུ་ལི་ཡས་གྲོན་བསྡུའི་གཞུང་ལམ་ལ་དམིགས་བསལ་འཐུས་ཆོག་གི་གཉེར་སྐྱོང་ལམ་ལུགས་ལག་ལེན་བསྟར་གྱི་ཡོད། ཨོ་སི་ཁྲུ་ལི་ཡའི་གཞུང་ལམ་གྱི་དམིགས་བསལ་འཐུས་ཆོག་གཉེར་སྐྱོང་ནང་དོན་ལ་འཛུགས་སྐྲུན་དང་། དབང་ཚད། གཉེར་སྐྱོང་དང་རྩིས་སྤྲོད་བཅས་ཚུད་ཡོད། སྲིད་གཞུང་གིས་དམིགས་བསལ་འཐུས་ཆོག་གཉེར་སྐྱོང་བྱ་ཐབས་ལ་བརྟེན་ནས་གྲོན་བསྡུའི་གཞུང་ལམ་ལ་སྙོམས་སྒྲིག་ཚོད་འཛིན་བྱེད་པ་དང་། གལ་ཏེ་གཉེར་སྐྱོང་གྲོན་བསྡུའི་གཞུང་ལམ་ཀུང་སིས་བསྡུས་པའི་ཤར་བགྲོད་གྲོན་དངུལ་ཡོང་འབབ་སྔོན་དཔག་གི་ཡོང་འབབ་ལས་བརྒལ་ཚེ། ཤར་བགྲོད་གྲོན་དངུལ་ཁག་གཅིག་སྲིད་གཞུང་ལ་གོང་འབུལ་ཞུ་དགོས་ཀྱི་ཡོད། གལ་ཏེ་ཀུང་སིའི་གྲོན་བསྡུའི་གཞུང་ལམ་གྱི་མ་དངུལ་ཚུར་རག་ཚད་གཏན་འབེབས་ཀྱི་ཚད་གཞི་ལྟར་ལོན་ཚེ། སྔོན་ཚུད་ནས་དམིགས་བསལ་འཐུས་ཆོག་གི་གཉེར་སྐྱོང་བྱེད་མཚམས་བཞག་ནས་གཞུང་ལམ་རིན་མེད་ངང་སྲིད་གཞུང་ལ་རྩིས་སྤྲོད་དགོས་ཀྱི་ཡོད། ད་ཆའི་དུས་མཚམས་སུ་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་གཞུང་ལམ་འཛུགས་སྐྲུན་གྱི་མ་དངུལ་བལྟོས་བཅས་ཀྱིས་ཁ་ཐང་བ་དང་། ཨོ་སི་ཁྲུ་ལི་ཡ་སྲིད་གཞུང་གིས་དམིགས་བསལ་འཐུས་ཆོག་གི་སྒོ་ནས་གཞུང་ལམ་གཉེར་སྐྱོང་བྱ་རྒྱུ་དེ་སླད་ཕྱིན་མྱུར་བགྲོད་གཞུང་ལམ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཤིག་ཏུ་བརྩི་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།