འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་14ཉིན།
  • མི་དམངས་དྲ་བ།>>ཀན་སུའུ།

    ༄༅།།ཀན་ལྷོ་བོད་རིགས་ས་ཁུལ་དུ་དམིགས་བསལ་དཀའ་ངལ་ཡོད་པའི་དགེ་འདུན་པ་རྒན་གྲས་
    གཅིག་སྡུད་འཚོ་སྐྱོང་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་14ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་དམངས་སྲིད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། འདི་ལོ་ནས་བཟུང་ཀན་ལྷོ་ཀྲོའུ་ཡིས་ཀྲོའུ་ཡོངས་སུ་དམིགས་བསལ་དཀའ་ངལ་ཡོད་པའི་དགེ་འདུན་པ་རྒན་གྲས་གཅིག་སྡུད་འཚོ་སྐྱོང་ས་ཚིགས་10བསྐྲུན་ཏེ་འཚོ་སྐྱོང་བྱེད་མཁན་མེད་པའི་དགེ་འདུན་པ་རྒན་གྲས་གཅིག་སྡུད་འཚོ་སྐྱོང་རིམ་གྱིས་མངོན་འགྱུར་བྱ་རྒྱུ་ཡིན་པ་རེད།
         ཀན་ལྷོ་ཀྲོའུ་ཀླུ་ཆུ་རྫོང་ཤིས་ཚང་དགོན་པའི་དམིགས་བསལ་དཀའ་ངལ་ཡོད་པའི་དགེ་འདུན་པ་རྒན་གྲས་གཅིག་སྡུད་འཚོ་སྐྱོང་ས་ཚིགས་ཛ་དྲག་ངང་བསྐྲུན་བཞིན་ཡོད། ཤེལ་སྒོའི་དྲོད་ཁང་འཛུགས་སྐྲུན་ལ་མ་འཇོག་བསྡོམས་སྒོར་ཁྲི་370བཏང་ནས་ཉལ་ཁྲི་28བཀོད་སྒྲིག་བྱས་པ་དང་ནང་དུ་ཚོམས་ཆེན་དང་། ཉལ་ཁང་། ཁེར་རྐྱང་གི་གསང་སྤྱོད་བཅས་ཡོད་པ་དང་། གཞན་ཡང་ཐབ་ཀ་དང་། གསོལ་ཁང་། བྱེད་སྒོ་ཁང་བཅས་བཀོད་སྒྲིག་བྱས་ཡོད་པ་རེད།
         ཤིས་ཚང་དགོན་པའི་དགུང་ལོ་69ལ་སླེབས་པའི་དགེ་འདུན་པ་དཀོན་མཆོག་རྒྱ་མཚོ་ནི་དམིགས་བསལ་དཀའ་ངལ་ཡོད་པའི་དགེ་འདུན་པ་རྒན་གྲས་རྒན་གསོའི་ས་ཚིགས་ནང་སྡོད་མཁན་དགེ་འདུན་པའི་གྲས་ཤིག་ཡིན་ཞིང་། དཀོན་མཆོག་རྒྱ་མཚོ་དགེ་འདུན་པ་ཡིན་པས་བུ་ཕྲུག་མེད་ལ་གཉེན་ཉེ་ཡང་མེད་སྟབས་ཆགས་ས་བརྟེན་ས་མེད་པར་གྱུར་ཡོད། “རྒས་རྗེས་ལྟ་རྟོག་བྱེད་མཁན་ཡོད་པ་ནི་བསམ་ཡུལ་ལས་འདས་སོང་”ཞེས་དཀོན་མཆོག་རྒྱ་མཚོས་བཤད།
         ཀན་ལྷོ་ཀྲོའུ་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་དབྱང་ཅན་གོས། ཉེ་བའི་ལོ་ཤས་ནང་ཀན་ལྷོ་བོད་རིགས་ས་ཁུལ་གྱི་དགེ་འདུན་པའི་རྒན་གསོའི་གནད་དོན་རིམ་གྱིས་མངོན་གསལ་དོད་དུ་ཕྱིན་ནས་ཀྲོའུ་ཡོངས་སུ་ལོ་70ཡན་གྱི་དགེ་འདུན་པ་རྒན་གྲས་700ལྷག་ཙམ་ཡོད་པ་དེ་དག་དགོན་སྡེ་123དུ་ཁྱབ་ཁར་གྲངས་ཀ་དེ་ལོ་རེ་བཞིན་འཕར་བཞིན་ཡོད་ཅེས་བཤད།
         གསར་འགོད་པས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་ནང་ཀུན་ལྷོ་ཀྲོའུ་རུ་བཅུ་ཆ་དགུ་ཡན་གྱི་དགེ་འདུན་པ་རྣམས་སྨན་བཅོས་འགན་བཅོལ་ནང་ཞུགས་པ་དང་བཅུ་ཆ་བཞི་ཙམ་གྱི་དགེ་འདུན་པ་མ་མཐའི་འཚོ་བའི་འགན་བཅོལ་ནང་ཞུགས་པ་མ་ཟད། ཐོ་འགོད་ནང་ཡོད་པའི་དགེ་འདུན་པ་ཚང་མར་ཟླ་རེར་ཁ་གསབ་དངུལ་སྒོར་150ཡོད་པས་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བཞིན་ཡོད། འོན་ཀྱང་དགེ་འདུན་པའི་ཚོགས་སྤྱི་རྒན་རྒོན་ཅན་དུ་འགྱུར་བ་དང་བསྟུན་ནས་སྲོལ་རྒྱུན་གྱི་གཉེན་ཉེའི་འཚོ་སྐྱོང་ངམ་ཡང་ན། དགེ་ཕྲུག་གིས་འཚོ་སྐྱོང་བྱེད་པའི་རྒན་གསོ་བྱེད་སྟངས་དེ་དགེ་འདུན་པ་ཚོགས་སྤྱིའི་རྒན་གསོའི་དགོས་མཁོ་དང་འཚམ་གྱི་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།