འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།སུའེ་ཙེར་གྱིས་དོན་དངོས་གཉེར་ནས་རྩེར་སོན་དོན་གཉེར་བྱེད།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་14ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སུའེ་ཙེར་གྱི་གྲོང་ཁྱེར་ཚང་མ་ཆེན་པོ་མེད་ཅིང་། མི་འབོར་ཁྲི་30ལྷག་ཙམ་ཡོད་པའི་གྲོང་ཁྱེར་ཡིན་ཚེ། གྲོང་ཁྱེར་ཆེན་པོར་བརྩི་ཡི་ཡོད། རི་བོ་དང་མཚེའུ་མང་བའི་རྐྱེན་གྱིས་གྲོང་ཁྱེར་མང་ཆེ་བ་རི་བོ་དང་མཚེའུ་ཡི་འགྲམ་དུ་བསྐྲུན་པ་དེ་དག་རི་མོར་འཁོད་པའི་རྣམ་པ་ཞིག་ལྟར་སྣང་།
         སུའུ་ལི་ཧྲེ་ནི་སུའེ་ཙེར་གྱི་གྲོང་ཁྱེར་ཆེ་ཤོས་རེད། སུའུ་ལི་ཧྲེར་ཐོག་མར་སྐྱོད་སྐབས། མིག་ལམ་དུ་འཆར་བ་ནི་རྒྱང་རིང་དུ་གནས་པའི་གཅིག་ལ་གཅིག་འབྲེལ་གྱི་ཨའར་པེ་སི་རི་རྒྱུད་ཡིན་པ་དང་། རབ་རིབ་ཀྱི་རྣམ་པ་དེས་སུའུ་ལི་ཧྲེར་ལྐོག་གྱུར་གྱི་འཆར་སྣང་ཞིག་སྦྱིན། སུའུ་ལི་ཧྲེ་མཚེའུ་དང་དགུང་སྔོན་གཉིས་གཅིག་ཏུ་འདྲེས་པའི་རྣམ་པ་དེ་ལྷག་པར་མཛེས།
         སུའེ་ཙེར་དུ་ལྗོན་ཤིང་འདེབས་མང་བ་དང་སུའུ་ལི་ཧྲེར་ལྗོན་ཤིང་འདེབས་ཚད་70%ཟིན་ཡོད། དེའི་རི་སྟེང་རི་གཤམ་དང་། ཁང་པའི་རྒྱབ་མདུན། གཞུང་ལམ་གྱི་ངོགས་གཉིས་བཅས་ཚང་མར་ལྗོན་ཤིང་བཏབ་ཡོད། སུའུ་ལི་ཧྲེའི་ས་སྲོས་ལ་ཆར་པ་བབ་མང་བའི་རྐྱེན་གྱིས་རྩེ་ཤིང་ཚང་མ་སྔོ་སིང་སིང་སྐྱེས་ནས་འདུག
         ལྗང་མདོག་གི་ཡུལ་ལྗོངས་ཁྲོད་གཙང་ཞིང་གྲལ་སྟར་སྒྲིག་པའི་ཁྲོམ་གཞུང་དེ་དག་ནི་སུའེ་ཙེར་གྱི་ཁོར་ཡུག་སྲུང་སྐྱོང་བཟོ་པའི་འབད་བརྩོན་ལས་བྱུང་བ་ཞིག་ཡིན་ལ། སུའེ་ཙེར་གྱི་སྤྱི་དམངས་ཚང་མའི་ཁྲིམས་སྐྱོང་གི་འདུ་ཤེས་དང་རང་འདོམས་ལས་བྱུང་བ་ཞིག་ཀྱང་རེད། སུའེ་ཙེར་གྱི་ཁྲོམ་གཞུང་དུ་བཞག་པའི་གད་གཞོང་ཕྱི་རོལ་དུ་གད་སྙིགས་རྐང་གཅིག་ཀྱང་མེད། གང་ཡིན་ཞེ་ན། སུའེ་ཙེར་དུ་གད་སྙིགས་རིགས་དབྱེ་ནན་པོ་བྱེད་ཀྱི་ཡོད། སུའུ་ལི་ཧྲེར་སྲིད་གཞུང་གིས་པར་སྐྲུན་བྱས་པའི་གད་སྙིགས་རིགས་དབྱེའི་ལག་དེབ་ལ་ཤོག་ལྷེ་108ལྷག་ཙམ་ཡོད་པ་དང་། མི་རྣམས་ཀྱིས་རང་འགུལ་ངང་གད་སྙིགས་རིགས་དབྱེའི་ལག་དེབ་ལ་གཞིགས་ནས་གད་སྙིགས་ཐག་གཅོད་བྱེད་ཀྱི་ཡོད། གད་སྙིགས་དོ་དམ་སྐོར་གཡེང་ཉེན་རྟོག་པས་ཉིན་ལྟར་གྲོང་ཁྱེར་དང་ཁྲོམ་གཞུང་ཆེ་ཆུང་ཁག་ཏུ་སྐྱོད་པ་དང་། གལ་ཏེ་རིགས་དབྱེ་མེད་པའི་གད་གཞོལ་མཐོང་ཚེ་ཁང་བདག་ལ་འཕྲལ་མར་ཐ་ཚིག་ཡི་གེ་སྐུར་གྱི་ཡོད་ལ་ཚབས་ལྕི་རིགས་ལ་ད་དུང་དངུལ་ཆད་གཅོད་ཀྱི་ཡོད།
         གསར་གཏོད་ཀྱིས་སུའེ་ཙེར་བས་ཁོར་ཡུག་སྲུང་སྐྱོང་འཛུགས་སྐྲུན་ལ་མིག་རྒྱང་དམིགས་བསལ་དང་བསམ་ཕྱོགས་ཁ་གསལ་ཡོང་བ་བྱས་ཏེ་མཐར་སྣོད་བཅུད་སྲུང་སྐྱོང་གི་ལས་དོན་ཡང་དེ་བས་ལེགས་པའི་སྒོ་ནས་སྒྲུབ་ཐུབ་པ་བྱུང་ཡོད། སུའེ་ཙེར་བས་འགྲེལ་བཤད་དེ་ལྟར་རྒྱག་པ་སྟེ། ཉེ་བའི་ལོ་25རིང་སུའེ་ཙེར་གྱི་རྒྱལ་ནང་ཐོན་སྐྱེད་བསྡོམས་འབོར་36%དང་མི་འབོར་19%འཕར་ཡང་མི་རེའི་ཆ་སྙོམས་བཙོག་འབུད་བྱེད་ཚད་20%ཆག་ཡོད། དེ་སུའེ་ཙེར་གྱིས་གྲོང་ཁྱེར་འཛུགས་སྐྲུན་ཁ་འགྲེམ་ཅན་དང་གྲོང་ཁྱེར་གཅིག་སྡུད་ཐོག་ཆེ་རུ་མི་གཏོང་བའི་ཐོག་ནས་ནུས་རྒྱུའི་སྦགས་བཙོག་ཉུང་དུ་བཏང་བ་དེ་ལས་བྱུང་བ་ཞིག་དང་། སྣོད་བཅུད་བཟང་པོ་རྒྱུན་འཁྱོངས་དང་ལྕི་བའི་བཟོ་ལས་ལ་མི་རྟེན་པར་མིའི་རྟིང་ཤུགས་སྔོག་འདོན་ལ་མཐོང་ཆེན་བྱས་ཏེ་མིའི་རིགས་ཀྱི་གསར་གཏོད་དང་རིག་སྟོབས་ལས་དཔལ་འབྱོར་རིན་ཐང་མངོན་པ་བྱས་པ་དེ་ལས་བྱུང་བ་ཞིག་རེད།
         སུའེ་ཙེར་བའི་དོན་དངོས་གཉེར་བའི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ལས་ཡང་དག་པའི་ཁོར་ཡུག་སྲུང་སྐྱོང་གི་བསམ་ཕྱོགས་གྲུབ་ཡོད་ལ། སུའེ་ཙེར་གྱི་ཡངས་ཤིང་རྒྱ་ཆེ་བའི་ཁོར་ཡུག་སྲུང་སྐྱོང་གི་ཐར་ལམ་ཞིག་ཀྱང་གཏན་འཁེལ་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།