འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།སྤེལ་རེས་དང་འབྲེལ་གཏུག་བྱེད་རྒྱ་ཆེ་རུ་བཏང་སྟེ་གཉིས་ཁེ་གཉིས་ཕན་ཡོང་བར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་14ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་སྲིད་གཞུང་གིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་གཞི་དང་། ལྷག་པར་དུ་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་ལ་བཏོན་པའི“ཀྲུང་ཕ་དཔལ་འབྱོར་བར་ཁྱམས”དང“བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས”ཀྱི་མཉམ་ལས་གྲོས་གཞི་ལས་བྱུང་བའི་ཁེ་ཕན་གཙོ་བོའི་ནང་ནུས་རྒྱུ་ཐོན་སྐྱེད་རྒྱལ་ཁབ་ཀྱིས་ནུས་རྒྱུ་དཀོན་པའི་རྒྱལ་ཁབ་ལ་ནུས་རྒྱུ་མཁོ་འདོན་བྱེད་ཚད་མཐོ་རུ་གཏོང་བ་དང་། ས་ཁུལ་ནང་ཁུལ་དུ་རྒྱལ་ཁབ་ཁག་དབར་གྱི་གཉིས་ཁེའི་ཚོང་དོན་ལ་སྐུལ་འདེད་གཏོང་བ། ཡུལ་སྐོར་འཕེལ་རྒྱས་མགྱོགས་སུ་གཏོང་བ་སོགས་ཚུད་ཡོད་པ་རེད།
         རྒྱ་གར་ནི་ཀྲུང་གོའི་ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། རྒྱལ་ཁབ་གཉིས་པོ་དར་རྒྱས་འགྲོ་བ་དང་སྦྲགས། འཐབ་ཇུས་བྱེད་ཐབས་དེ་དག་ལས་རྒྱ་གར་དང་དེ་བཞིན་གོ་ལ་ཧྲིལ་པོའི་འབྱུང་འགྱུར་གྱི་ལོ་བཅུའི་དཔལ་འབྱོར་དང་། ཕྱི་འབྲེལ། འཐབ་ཇུས་བཀོད་པ་བཅས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་རྒྱུ་རེད། ཀྲུང་གོ་དང་རྒྱ་གར་གཉིས་པོ་དཔལ་འབྱོར་དང་ཚན་རྩལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་ཤར་ཕྱོགས་ཀྱི་འཛམ་གླིང་དུ་གནས་པས། ནུས་རྒྱུའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཡོ་རོབ་དང་ཨེ་ཤེ་ཡའི་ས་ཁུལ་གྱིས་ཀྲུང་གོ་དང་རྒྱ་གར་ལ་ལེགས་ཆ་གསབ་རེས་བྱས་ཡོད། ཡོ་རོབ་དང་ཨེ་ཤེ་ཡ་ས་ཁུལ་དག་རྒྱ་གར་གྱི“མཐའ་འཁོར་ཆེ་མོ”ཞེས་པའི་ཕྱི་འབྲེལ་ཐ་སྙད་ནང་བླུགས་པ་དང་། རྣམ་གྲངས་འབོར་ཆེན་ཞིག་ལག་ལེན་བསྟར་འགོ་བཙུགས་པར་དབྱི་རན་ཤར་ལྷོའི་རྒྱུད་ཀྱི་ཆ་ཧེ་པ་ཧའར་གྲུ་ཁ་ཕུད། རྒྱ་གར་གྱི་བཟོ་སྐྲུན་བཟོ་པའང་ཨ་ཧྥུ་ཀ་ནི་སི་ཐན་ནུབ་རྒྱུད་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་ཡོད། རྒྱ་གར་གྱིས་ད་དུང་རྒྱལ་ཁབ་འགའ་ཞིག་དང་མཉམ་དུ་ནུས་རྒྱུའི་ལྕགས་མདོང་རྣམ་གྲངས་བརྒྱུད། ཨེ་ཤེ་ཡ་དབུས་ནུབ་ཀྱི་ནུས་རྒྱུའི་ཐོན་ཁུངས་སྐྱེལ་འདྲེན་བྱེད་པའི་བསམ་བཀོད་ཁྱབ་གདལ་ཤུགས་ཆེན་བཏང་བ་རེད།
         གསར་དར་དཔལ་འབྱོར་དངོས་ཚན་ཆེན་པོ་གཉིས་ཡིན་པའི་རྒྱ་གར་དང་ཀྲུང་གོས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་བ་དེ་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་གཞི་དོན་འཁྱོལ་བྱེད་པའི་དགོས་ངེས་ཀྱི་ལས་དོན་ཞིག་ཀྱང་རེད། ཕྱོགས་གཉིས་པོས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་རྣམ་གྲངས་དེ་དག་ལ་སྐུལ་འདེད་གཏོང་གི་ཡོད། ལྕགས་ལམ་དང་། གཞུང་ལམ། གྲུ་འཇོག་ས་བཅས་འཛུགས་སྐྲུན་བྱེད་པའི་ཐད་ཀྲུང་གོར་ཨར་རྒྱག་ནུས་པ་ཆེན་པོ་ལྡན་པ་དང་རྒྱ་གར་ལའང་རང་ཉིད་ཀྱི་དགེ་མཚན་ལྡན་པའི་ཁྱབ་ཁོངས་ཡོད། གལ་ཏེ་ཕྱོགས་གཉིས་པོའི་སྲིད་གཞུང་སྒྲིག་གཞིས་རྣམ་གྲངས་དེ་དག་འཛུགས་སྐྲུན་བྱེད་པའི་ཐད་འཐབ་ཇུས་རང་བཞིན་གྱི་ངོས་འཛིན་གཅིག་མཐུན་བྱུང་ཚེ། རྒྱ་གར་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོ་དུས་གཅིག་ཏུ་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཨེ་ཤེ་ཡའི་རྒྱལ་ཁབ་ཁྲོད་གཉིས་ཁེ་གཉིས་ཕན་དང་ཞི་མཐུན་ཡུན་གནས་ཀྱི་མཉམ་ལས་འབྲེལ་བ་འཛུགས་རྒྱུ་རེད།
         དོ་སྣང་བྱེད་དགོས་ཞིག་ནི་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་ཐག་ཉེ་བའི་ས་ཁོངས་དེ་སྔར་བཞིན་གོ་ལ་ཧྲིལ་པོའི་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་སྐུལ་གཏུམ་སྤྱོད་ཐོན་མང་བའི་ས་ཆ་ཡིན་པ་དང་། གནད་དོན་དེ་ཐག་གཅོད་བྱེད་པར་ས་ཁོངས་དབར་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྟོབས་ཤུགས་མཉམ་འདོན་གྱིས་མཉམ་ལས་བྱེད་དགོས་པ་དང་། རྒྱ་གར་དང་ཀྲུང་གོ་མཉམ་ལས་བྱ་རྒྱུ་དེ་དེ་བས་གལ་འགངས་ཆེན་པོ་ཡོད། ཕྱོགས་གཉིས་པོས་ད་དུང་འཇིགས་སྐུལ་ལ་ངོ་རྒོལ་དང་མཚོ་ཇག་ལ་རྡུང་རྡེག་གཏོང་བའི་གནད་དོན་ལ་ངོས་འཛིན་གཅིག་མཐུན་ཡོང་བ་བྱེད་དགོས། མིག་སྔར་ཕྱོགས་གཉིས་པོས་ཐུན་མོང་ཐོག“ངན་ཤུགས་གསུམ”ལ་རྡུང་རྡེག་གཏོང་རྒྱུར་མགྲིན་གཅིག་ཏུ་མོས་མཐུན་བྱས་པ་དང་འབྲེལ། མཚོ་ཐོག་མཉམ་འབྲེལ་འཚོལ་སྐྱོབ་གཙོ་བོར་བྱས་པའི་དམག་དོན་ནང་སྦྱོང་བྱས་པ་རེད།
         (རྩོམ་པ་པོ་ནི་རྒྱ་གར་གྱི་ཅ་ཝ་ཧ་ལའར·ཉི་ཧོ་ལུའུ་སློབ་ཆེན་ཨེ་ཤེ་ཡ་ཤར་རྒྱུད་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུང་གོའི་གནད་དོན་ཞིབ་འཇུག་དགེ་རྒན་ཆེ་མོ་བ་དང་ཀྲུང་གོ་མི་དམངས་སློབ་ཆེན་ཁྲུང་ཡང་དངུལ་རྩ་ཞིབ་འཇུག་ཁང་གི་ཕྱི་ཁོངས་མཐོ་རིམ་ཞིབ་འཇུག་པ་ཡིན་པ)
      

    ཕྱོགས་བསྡུས་གསར་འགྱུར།