འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།“དད་གུས་ཆེ་བའི་གནས་མཇལ། སྤྲོ་སྣང་ལྡན་པའི་ཡུལ་སྐོར”

         —— རྒྱ་གར་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱི་གྲོས་མིས་བོད་དུ་གནས་མཇལ་དུ་སྐྱོད་པའི་སྐོར་གླེང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་02ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱི་མ་ཕམ་གཡུ་མཚོ་དང་གངས་རིན་པོ་ཆེར་གནས་མཇལ་བྱས་པའི་སྐོར་གླེང་སྐབས་རྒྱ་གར་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱི་གྲོས་ཁང་གོང་མའི་གྲོས་མི་ཐ་ལུན·ཝེ་ཅ་དབྱིས་དགའ་སྤྲོའི་ངང་གསར་འགོད་པར་བཤད།
         ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་མཛའ་མཐུན་གྲོས་མོལ་བྱས་པ་བརྒྱུད་ཀྲུང་གོ་ཕྱོགས་ཀྱིས་ད་ལོའི་ཟླ་6ཚེས་22ཉིན་ནས་བཟུང་རྒྱ་གར་གྱི་གནས་མཇལ་བར་རྣ་ཐོས་ལའི་སྒོ་མོ་དབྱེ་བ་དང་། རྒྱ་གར་གྱི་གནས་མཇལ་བ་རྣམས་བོད་དུ་གནས་མཇལ་བྱེད་པའི་ལམ་བུ་གསར་པ་དངོས་སུ་སྤྱོད་འགོ་ཚུགས་པ་རེད།
         རྒྱ་གར་གྱི་གནས་མཇལ་བ་ཀྲུང་གོའི་བོད་ཀྱི་གནས་མཚོ་དང་གནས་རིར་གནས་མཇལ་བྱེད་པའི་ལོ་རྒྱུས་ཡུན་རིང་ལྡན་པ་དང་། བོད་ཀྱི་མངའ་རིས་ས་ཁུལ་གྱི་གནས་རི་གངས་རིན་པོ་ཆེ་དང་གནས་མཚོ་མ་ཕམ་གཡུ་མཚོ་ནི་རྒྱ་གར་གྱི་གནས་མཇལ་བ་རྣམས་གནས་མཇལ་བྱེད་སའི་གནས་མཆོག་ཡིན།
         ཝེ་ཅ་དབྱི་ཉིད་སྔོན་ཆད་ཧིན་རྡུའི་ཆོས་ཀྱི་དད་ལྡན་པས་ཡིད་སྨོན་བྱེད་སའི་གནས་རིར་གནས་མཇལ་ཐེངས་མང་པོ་ཞུ་མྱོང་ཡོད། སྔོན་ཆད་ནི་རྒྱ་གར་དང་ཀྲུང་གོའི་ནུབ་དུམ་བུའི་་མཐའ་མཚམས་འགག་སྒོ་དང་ནེ་པ་ལ་ནས་གནས་དེར་བསྐྱོད་དགོས་པ་དང་། ལམ་དུ་གཟའ་འཁོར་མང་པོ་འགྲོ་དགོས་པ་མ་ཟད། ཧ་ལམ་རྐང་ཐང་དུ་བསྐྱོད་དགོས་པས། ལོ་ན་ཅུང་ཆེ་བའམ་གཟུགས་གཞི་ཅུང་ཞན་པ་དང་ས་མཐོའི་གནམ་གཤིས་མི་འཕྲོད་པའི་གནས་མཇལ་བར་མཚོན་ན། ལམ་བུ་དེ་ལྟ་བུར་བསྐྱོད་ཚེ་ཁོ་ཚོའི་མི་ཚེ་གང་པོར་གནས་མཆོག་དེར་གནས་མཇལ་ཞུ་བའི་རེ་བ་ཧ་ཅང་འགྲུབ་ཁག་པོ་ཡིན།
         ཝེ་ཅ་དབྱིས་ང་རང་བོད་དུ་གནས་མཇལ་དུ་འགྲོ་ཐེངས་དང་པོ་ནི་1992ལོ་ཡིན། “སྐབས་དེར་གནས་མཇལ་བྱ་ཡུལ་གྱི་ཉེ་འཁོར་དུ་ས་ཕག་གི་ཁང་པ་ཁ་ཤས་ལས་མི་འདུག འོན་ཀྱང་ད་ཆ་འགྱུར་ལྡོག་ཆེན་པོ་བྱུང་ནས་མཐོ་རིམ་མགྲོན་ཁང་དང་སྲིད་གཞུང་སྒྲིག་གཞིའི་གཞུང་ལས་ཐོག་བརྩེགས་ཁང་པ། གསོལ་མགྲོན་ཁང་། ཚོང་ཁང་བཅས་མི་ཉུང་བ་འདུག”ཅེས་བརྗོད་བྱུང་།
         ཁོང་གིས་གསར་འགོད་པར་ད་རེས་ཀྱི་གནས་མཇལ་བརྒྱུད་ནས་ཁོང་ལ་བག་ཆགས་ཟབ་ཤོས་བྱུང་བ་ནི་བོད་དུ་བསྔགས་བརྗོད་བྱེད་འོས་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཀྲུང་གོ་ཕྱོགས་ཀྱིས་གནས་མཇལ་ཞུ་བའི་ཐད་ཞབས་འདེགས་ཡག་པོ་མཁོ་འདོན་བྱས་པ་དེ་རེད་ཅེས་བཤད།
         “བོད་ཀྱི་ལམ་བུ་ཧ་ཅང་ཡག་པོ་ཡོད། ང་ཚོ་ཉིན་གང་བསྐྱོད་པ་དང་དགོང་མོ་ངལ་གསོ་བརྒྱབ་ཀྱང་མགྱོགསས་མྱུར་དམིགས་སར་འབྱོར་བྱུང་། ལམ་བར་དུ་གཞིས་རྩེ་བརྒྱུད་པ་དང་དེ་ག་ནི་དེང་རབས་ཅན་གྱི་གྲོང་ཁྱེར་གསར་རྐྱང་ཞིག་ཏུ་འགྱུར་ཟིན། ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་པོ་ཡོད། ཚོང་ཁང་དང་གསོལ་མགྲོན་ཁང་ཁག་གཅིག་གི་་མིང་དག་རྒྱ་གར་གྱི་རི་ཆུ་དང་ས་མིང་ལ་འབྲེལ་བ་ཡོད་པས་སྙིང་ཉེ་བ་ཞིག་འདུག གནས་མཇལ་བྱེད་རིང་གྲོགས་པོ་ཀྲུང་གོ་བ་ཚོ་ཧ་ཅང་མཛའ་མཐུན་ལྡན་ལ་སྤྲོ་སེམས་འཁོལ་བ་ཞིག་འདུག་པས་ང་ཚོར་ཐུགས་ཁུར་ཆེན་པོ་བྱེད་པ་དང་། ལས་སྒྲུབ་ཀྱི་ལས་ཆོད་ཀྱང་ཧ་ཅང་ཆེན་པོ་འདུག”ཅེས་བརྗོད།
         ཝེ་ཅ་དབྱིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོང་སྐོར་ཆེད་མངགས་གླེང་བྱུང་། ཁོང་གིས་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོང་ཧ་ཅང་ཡག་པོ་བྱས་ཡོད་པས་གང་སར་སྔོ་ལྗང་ནགས་ཀླུང་གིས་གཡོགས་འདུག “བོད་ནི་ཨེ་ཤེ་ཡའི་ཆུ་བོ་མང་པོའི་འབྱུང་ཁུངས་ཡིན་ལ་རྒྱ་གར་སོགས་རྒྱལ་ཁབ་མང་པོའི་རང་བྱུང་ཁོར་ཡུག་ལ་ཐད་ཀའི་ཤན་ཤུགས་ལྡན་པས་ཡུལ་འདིའི་རང་བྱུང་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ཚེ་ཀྲུང་གོའི་མི་དམངས་ལ་ཕན་བདེ་བསྐྲུན་ཐུབ་པ་མ་ཟད་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་མི་དམངས་ལའང་ཕན་བདེ་བསྐྲུན་ཐུབ་ངེས་ཡིན”ཞེས་བརྗོད་བྱུང་།
         བཅར་འདྲི་མཇུག་འགྲིལ་མཚམས་སུ་ཝེ་ཅ་དབྱིས་རྣ་ཐོས་ལ་ནི་དེ་སྔ་ལོ་རྒྱུས་ཐོག་རྒྱ་གར་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་འབྲེལ་འདྲིས་ཀྱི་ལམ་བུ་གལ་ཆེན་ཡིན་ལ། སྐབས་ཤིག་རིང་དམག་དོན་ཐད་ཁ་གཏད་དུ་ལངས་པའི་གཡུལ་ས་མདུན་མའང་ཡིན། དེང་སྐབས་ཡུལ་འདི་ཉིད་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་མཐུན་གྱི་དཔང་རྟགས་སུ་སླར་ཡང་གྱུར་པ་དང་། སླད་ཕྱིན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་འགྲོ་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་མཐུན་ཟམ་མི་ཆད་པར་ཟབ་ཏུ་འགྲོ་རྒྱུར་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།