འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།འཇར་མན་གྱི“65+དུས་སྐབས”ཤར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་24ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་བསྡོམས་རྩིས་ཅུས་ཀྱིས་ཉེ་ཆར་གྱི་མི་འབོར་བརྟག་བཤེར་ཐེངས་ཤིག་གི་ཡོངས་བསྒྲགས་སྙན་ཞུའི་ནང་འཇར་མན་གྱིས“65+དུས་སྐབས”བསུ་བཞིན་ཡོད་ཅེས་བསྒྲགས་པ་དང་། ལོ་ན་65ཡན་གྱི་བགྲེས་སོང་སྔར་བས་མང་པོས་མུ་མཐུད་ལས་ཀ་བསྒྲུབས་པ་མ་ཟད། སྤྱི་ཚོགས་བྱེད་སྒོར་ཧུར་ཐག་ཞུགས་ཀྱི་ཡོད་པ་རེད། མི་འབོར་བརྟག་བཤེར་གྱི་གཞི་གྲངས་ལས་མངོན་པ་ལྟར་ན། ལོ་ན་65ནས་69བར་གྱི་ལས་ཀའི་མི་འབོར་གྱིས་བཟུང་བའི་སྡུར་ཚད་དེ་2005ལོའི་6%ནས་2014ལོའི་14%བར་འཕར་ནས་ཡོ་རོབ་མནའ་འབྲེལ་གྱི་སྙོམས་ཐང(11.5%)ལས་བརྒལ་ཅིང་། ཧྥ་རན་སེ(6%)དང་སི་ཕེན(4.3%)ལས་ཆེས་ཆེར་བརྒལ་ཡོད་པ་རེད།
         ལས་འཁྱུར་བྱེད་པའི་ལོ་ན་མཐོ་རུ་བཏང་བ་ནི་ལོ་ན་མཐོ་བའི་ལས་སྒྲུབ་མི་འབོར་མང་དུ་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་རེད། ད་ཆ་འཇར་མན་བའི་ལོ་ན་མཐོ་རུ་འགྲོ་ཚད་ཆེ་རུ་སོང་བ་དང་2014ལོའི་རྒྱལ་ཡོངས་ཀྱི་ལོ་ན་65ཡན་གྱི་མི་འབོར་ཁྲི་1700ཟིན་པ་དེས་སྤྱིའི་མི་འབོར་གྱི་21%ཟིན་ཡོད། བསྡོམས་རྩིས་རིག་པ་མཁས་ཅན་གྱི་སྔོན་དཔག་ལྟར་ན་2060ལོར་སླེབས་སྐབས་སྡུར་ཚད་དེ་1/3ཟིན་རྒྱུ་རེད། སྤྱི་ཚོགས་མི་འབོར་གྱི་ལོ་ན་མཐོ་རུ་སོང་ནས་ངལ་རྩོལ་ནུས་པ་ཁ་ཐང་དུ་འགྲོ་བའི་དཀའ་ངལ་སེལ་བ་དང་། རྒན་གསོ་འགན་བཅོལ་གྱི་འགྲོ་སོང་སྔར་བས་ཉུང་དུ་གཏོང་ཆེད། འཇར་མན་གྱིས་2012ལོ་ནས་2029ལོའི་བར་ལོ་ལྟར་ཟླ་1ནས་གཉིས་བར་ཉུང་ཙམ་རིང་དུ་བཏང་ནས་མཐར་ལས་འཁྱུར་ངལ་གསོ་བྱེད་པའི་ལོ་ན་67བར་མཐོ་རུ་གཏོང་བའི་འཆར་གཞི་ཡོད་པ་རེད།
         དཔལ་འབྱོར་གྱི་རྒྱུ་རྐྱེན་ནི་ལས་འཁྱུར་བྱེད་མཁན་བགྲེས་སོང་དག་ལ་ལས་ཞུགས་བསྐྱར་མ་བྱེད་དུ་འཇུག་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད། སྙན་ཞུའི་ནང་ལས་འཁྱུར་བྱེད་མཁན་ཁ་ཤས་ལ་མཚོན་ན་རྒན་གསོའི་དངུལ་གྱི་མང་ཉུང་ནི་མུ་མཐུད་ལས་ཀ་སྒྲུབ་མིན་ཐག་གཅོད་སྐབས་ངེས་པར་བསམ་གཞིག་བྱེད་དགོས་པའི་རྒྱུ་རྐྱེན་ཡིན་ཞེས་བསྟན་ཡོད། དེར་བརྟེན་ལས་འཁྱུར་བྱེད་མཁན་བགྲེས་སོང་མང་པོ“ལས་ཞུགས་བསྐྱར་མའི”ལམ་དུ་མི་ཞུགས་ཀ་མེད་བྱུང་ཡོད།
         ལོ་ན་66ཡིན་པའི་ལུའུ་ཏི·པའོ་ཏིང་ནི་དེ་ལྟ་བུའི་ལས་མེད་དུ་སྡོད་མི་ཐུབ་པའི་ལས་འཁྱུར་བྱེད་མཁན་བགྲེས་སོང་ཞིག་རེད། སྔོན་ཆད་ཀྱི་ཞི་མོན་ཙི་བཟོ་བཀོད་པ་དེས་རང་ཁྱིམ་དུ་ཚེ་མཇུག་སྐྱིད་ལ་རོལ་ཆོག་ནའང་། རང་ཉིད་གཅིག་པུ་ཀྲུང་གོའི་ནན་ཅིང་དུ་བསྐྱོད་ནས་རྒྱུན་སྡོད་བྱས་ཏེ་ཏ་ཆོན་ཚོགས་པ་ཚད་ཡོད་ཀུང་སིའི་བློ་འདྲི་བ་རེད། “དཀའ་ལས་བརྒྱབ་ནས་ལས་འཁྱུར་བྱས་པ་རེད། ད་ཆ་སླར་ཡང་ཀྲུང་གོར་ཡོང་ནས་ལས་ཀ་བསྒྲུབས་ན་ཐང་ཆད་དམ”ཞེས་པའི་འདི་ག་ཚགས་པར་གྱི་གསར་འགོད་པའི་དྲི་བར། པའོ་ཏིང་གིས“འཇར་མན་དུ་ང་ཚོར“རྒས་འཁོགས”ཞེས་འབོད་ཀྱི་ཡོད། འོན་ཀྱང་ཀྲུང་གོར་སླེབས་ན་ང་ཚོ་ནི་སྔར་བཞིན་མུ་མཐུད་དྲོད་དང་འོད་ཟེར་འདོན་ཐུབ་མཁན་ཞིག་ཡིན། ཀྲུང་གོའི་ཁེ་ལས་ལ་ངའི་མི་ཚེ་ཕྱེད་ཀའི་རིང་བསགས་པའི་ཉམས་མྱོང་མཁོ། དེ་ཡིད་ལ་འཁོར་སྐབས་ང་རང་རྦད་དེ་སྡོད་བཟོད་མེད་པར་གྱུར”ཞེས་འཛུམ་བཞིན་ལན་བཏབ།
      

    ཕྱོགས་བསྡུས་གསར་འགྱུར།