འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།2015ལོའི་པེ་ཅིང་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་
    འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་
    གཟབ་རྒྱས་ངང་འགོ་ཚུགས་པ།

         ཞིས་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་ལེགས་སྐྱེས་འགྲན་བསྡུར་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་24ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།2015ལོའི་པེ་ཅིང་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་
འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་
གཟབ་རྒྱས་ངང་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་22ཉིན་གྱི་ཕྱི་དྲོ་2015ལོའི་པེ་ཅིང་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་རྒྱལ་ཁབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་ལེགས་སྐྱེས་འགྲན་བསྡུར་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
         ཆུ་ཚོད་16དང་སྐར་མ་57ཐོག་སྤྲོ་སེམས་འཁོལ་བའི་རོལ་དབྱངས་ཁྲོད་ཞིས་ཅིན་ཕིང་དང་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལ་མིང·ཏི་ཡ་ཁེ་ཀྲུའུ་ཞི་སྡིངས་ཆའི་ཐོག་ཕེབས་སྐབས་ལུས་རྩལ་ཐང་དུ་ཐལ་མོའི་རྡེབ་སྒྲས་ཁེངས་པ་རེད། རྒྱལ་སྤྱིའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་མ་སི·པ་ཧོ་དང་གསར་དུ་བདམས་ཐོན་བྱུང་བའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སའེ་པ་སི་ཏི་ཨན·ཁོའོ་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
         འགྲན་རའི་རྒྱུག་ལམ་ཐོག་ཐོན་མདའ་འཕེན་མཁན་15ཡིས་མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་གྱི་ཐོན་མདའ་འཕེན་པའི་རྣམ་པའི་ཐོག་ནས་ཐོན་མདའི་སྒྲ་རེ་རེ་སྒྲོག་པ་དང་བསྟུན་ནས་འགྲན་ར་ཡོངས་སུ་དུས་ཚོད་ལྡོག་རྩིས་རྒྱག་པའི་སྐད་སྒྲས་ཁེངས་པ་རེད། ཐོན་མདའི་སྒྲ་རེ་རེ་ལས་སྐབས་རེ་རེའི་ལྟད་མོ་ཆེ་ལ་བརྗེད་ཐབས་བྲལ་བའི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་སྐབས་རེ་རེ་མཚོན་ཐུབ། དུས་ཚོད་ལྡོག་རྩིས་ཨང་གྲངས“1”ལ་སླེབས་སྐབས་ཐོན་མདའ་འཕེན་མཁན་15ཡིས་དུས་མཉམ་དུ་ཐོན་མདའ་འཕངས་ནས་འགོ་ཚུགས་མཛད་སྒོ་དངོས་སུ་འགོ་ཚུགས་པ་རེད།
         ཆུ་ཚོད་17ཐོག་འགྲན་རར་འཛུལ་བའི་མཛད་སྒོ་འགོ་ཚུགས་ཤིང་། དར་ཆ་བསྒྲེངས་མཁན་དང་དང་བླངས་པས་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་དར་ཆ་དང་རུ་དར་སོ་སོར་འཁྱེར་ནས་རིམ་པ་བཞིན་ལུས་རྩལ་ཐང་ནང་འཛུལ་བ་དང་། ཀྲུའུ་ཞི་སྡིངས་ཆའི་མདུན་དུ་རུ་སྟར་གྲུ་བཞི་སྒྲིག་ནས་བསྐྱོད་པ་རེད། སྐར་ལྔའི་དར་དམར་འཁྱེར་མཁན་རུ་སྟར་ལུས་རྩལ་ཐང་དུ་འཛུལ་སྐབས་འགྲན་རར་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཤུགས་ཆེན་གྲགས་པ་རེད།
         ཆུ་ཚོད་17དང་སྐར་མ་15ཡི་ཐོག་ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་བསྒྲེངས་བ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད། མི་རིགས་56མཚོན་པའི་གཟབ་སྦྲེང་རོལ་དབྱངས་དཀྲོལ་མཁན་56གིས་མཉམ་དུ《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དཀྲོལ་གཏོང་བྱས་པས་དེ་ཁུལ་དུ་ཡོད་པའི་ལྟད་མོ་བ་ཚོས་མཉམ་དུ་སྐད་གསང་མཐོན་པོའི་སྒོ་ནས་རྔམ་བརྗིད་ལྡན་པའི་རྒྱལ་གླུ་བཏང་བ་རེད།
         པེ་ཅིང་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་པེ་ཅིང་གྲོང་ཁྱེར་གྱི་ཧྲི་ཀྲང་ཝང་ཨན་ཧྲུན་གྱིས་ཤིས་ཚིག་གསུངས་ནས་འཛམ་གླིང་རྒྱལ་ཁབ་ཁག་དང་ས་ཕྱོགས་ཁག་ནས་ཕེབས་པའི་ལུས་རྩལ་དཔོན་རིགས་དང་། ལུས་རྩལ་པ། རྩལ་ཁྲིད་པ། ཤན་འབྱེད་པ་བཅས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་འབྲེལ་ལུས་རྩལ་པ་ཚོས་འགྲན་རའི་ཐོག་དཔའ་ངར་ཆེར་སྐྱེད་ཀྱིས་འབད་འཐབ་བྱས་ནས་འབྲས་བཟང་ཐོབ་རྒྱུའི་སྨོན་འདུན་ཡང་ཞུས་པ་རེད།
         རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལ་མིང·ཏི་ཡ་ཁེས་ཤིས་ཚིག་གསུང་སྐབས་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་ཐད་ཀྲུང་གོས་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྔགས་བརྗོད་གནང་བ་དང་། ཀྲུང་གོས་སྐབས་འདིའི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་གཉེར་རྒྱུར་གྲ་སྒྲིག་ཡག་པོ་བྱས་པར་ཐུགས་རྗེ་ཆེ་ཞུས་ནས་ལུས་རྩལ་པ་ཚོས་ཟོལ་མེད་དང་དྲང་གཞག་གི་འགྲན་བསྡུར་བྱེད་པའི་སྙིང་སྟོབས་ཐོག་ནས་འཛམ་གླིང་གི་སྐྱེ་བོ་ཀུན་ལ་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་གྱི་ངོ་མཚར་དང་ཡིད་དབང་འཕྲོག་ཤུགས་མངོན་པར་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཆུ་ཚོད་17དང་སྐར་མ་28ཐོག་ཞིས་ཅིན་ཕིང་གིས་2015ལོའི་པེ་ཅིང་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
         འགྲན་རར་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་དར་བསྒྲེངས་བ་དང་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གླུ་དཀྲོལ་རྗེས་རིག་རྩལ་འཁྲབ་སྟོན་བྱེད་འགོ་ཚུགས་པ་རེད། “པེ་ཅིང་ནས་ཐོན། མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་གྱིས་འཛམ་གླིང་སྔར་བས་མཛེས་སྡུག་ལྡན་པར་བྱེད”ཅེས་པ་བརྗོད་བྱ་གཙོ་བོར་བྱས་པའི་འཁྲབ་སྟོན་དེ《ཕུགས་འདུན་འགོ་ཚུགས་པ》དང་། 《ཕུགས་འདུན་དོན་གཉེར་བྱེད་བཞིན་ཡོད》《ཕུགས་འདུན་འཆང་བཞིན་གཤོག་རྩལ་ངོམས》བཅས་ཁག་གསུམ་ལ་དབྱེ་ཡོད་པ་རེད།
         སྐབས་འདིའི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་སྤེལ་ཡུན་ཉིན་དགུ་ཡིན་པ་དང་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་ནི་སྐྱེས་པ་ལུས་རྩལ་པ་32དང་བུད་མེད་ལུས་རྩལ་པ་38ལས་གྲུབ་ཡོད་པ་དང་། རྣམ་གྲངས་ཆ་ཚང་47ཁྲོད་ཀྱི་འགྲན་བསྡུར་ཁག་34ཡི་ནང་ཞུགས་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།