འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཕ་བུ་མི་རབས་གཉིས་ཀྱིས་ཀྲུང་གོར་བཅངས་པའི་བརྩེ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་24ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         དཔེ་དེབ་ཅིག་དང་ལས་འཕྲོ་བྱུང་།
         ད་ལོའི་ཟླ་8ཚེས་1ཉིན་ཀྲུང་གོ་དང་ནེ་པ་ལ་དབར་གྱི་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་60འཁོར་ཞིང་། དགའ་འོས་པའི་ཉིན་མོ་འདིར་ངས་རང་དབང་མེད་པར་ནེ་པ་ལའི་མཛའ་མཐུན་མི་སྣ་སྟེ་ནེ་པ་ལ་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཐུན་ཚོགས་ཀྱི་ཚོགས་གཙོ་ཨ་ནུའུ་པོ·པ་ཐ་ལ་དབྱི་དང་དེ་བཞིན་ཨ་ཕ་ཉི་ལན་ཀྲན·པ་ཐ་ལ་དབྱི་དྲན་བྱུང་།
         2005ལོར་ངས་ཚོགས་པའི་སྣེ་ཁྲིད་ནས་ནེ་པ་ལར་འཚམས་འདྲིར་བསྐྱོད་ཅིང་། ཨ་ནུའུ་པོའི་ཁྱིམ་དུ་མགྲོན་པོར་སོང་བས། ཁོང་གི་ཨ་ཕ་པ་ཐ་ལ་དབྱི་ལ་ཕྲད་བྱུང་། དཀར་ཆ་དོད་པའི་མགྲོན་ཚོམས་སུ་འཛུལ་བ་ན་སྒམ་གཉིས་དང་གྱང་ལྡེབས་ཀྱི་འདྲ་པར་གྱིས་ངའི་མིག་དབང་ཕྲོགས་པ་དང་། ཤིང་སྒམ་གྱི་སྟེང་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དངོས་པོ་སྣ་ཚོགས་བཤམས་འདུག གྱང་ལྡེབས་སུ་འདྲ་པར་10བཀལ་ཡོད་པ་དང་དཀྱིལ་གྱི་འདྲ་པར་ནི་པ་ཐ་ལ་དབྱི་དང་ཙུང་ལི་ཀྲོའུ་ཨེན་ལའེ་གཉིས་ཕྱག་བཏང་བའི་འདྲ་པར་རེད། ཁོང་གིས་ང་ཚོར་སྔོན་ཆད་པེ་ཅིང་སློབ་ཆེན་དུ་ལོ་གཉིས་རིང་རྒྱ་ཡིག་སྦྱོང་མྱོང་བའི་དབང་གིས་ང་རང་ཕྱི་འབྲེལ་པུས་ཀྲུང་གོར་བཅའ་སྡོད་ཕྱི་འབྲེལ་དཔོན་དུ་བདམས་ཤིང་། པེ་ཅིང་དུ་སློབ་སྦྱོང་དང་ལས་ཀ་བྱེད་རིང་ནེ་པ་ལ་དང་ཀྲུང་གོའི་འབྲེལ་བར་ཞིབ་འཇུག་ཟབ་མོ་བྱས་པ་དང་། དུས་རབས་གོང་མའི་ལོ་རབས་70པར་དབྱིན་ཡིག་དཔར་མའི《ནེ་པ་ལ་དང་ཀྲུང་གོ》དཔེ་སྐྲུན་བྱས། སྐབས་དེར་དཔེ་དེབ་དེ་རྒྱ་ཡིག་ཏུ་བསྒྱུར་མོད་གྲོན་དངུལ་དཀོན་པས་ཡུན་རིང་ཀྲུང་གོར་བཅའ་སྡོད་དཔེ་སྐྲུན་བྱེད་ཐུབ་མེད་ཅེས་བརྗོད་བྱུང་།
         2007ལོའི་ཟླ་1པོར་ཐེན་ཅིན་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི《ནེ་པ་ལ་དང་ཀྲུང་གོ》རྒྱ་འགྱུར་མ་བཀྲམ། སྐབས་དེར་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་མཐུན་ཚོགས་པའི་ཚོགས་གཙོ་ཁྲེན་ཧའོ་སུའུ་ཡིས་དཔེ་དེབ་དེར་འགོ་བརྗོད་བྲིས་པ་མ་ཟད། ཅི་ཞན་ལིན་གྱིས“ཀྲུང་གོ་དང་ནེ་པ་ལའི་རིག་གནས་ཕུགས་ཟབ་ལ་རྒྱུན་རིང”ཞེས་ཕྱག་བྲིས་མཛད། 2007ལོའི་ཟླ་9པའི་ཚེས་21ཉིན་ཀྲུང་གོར་བཅའ་སྡོད་ནེ་པ་ལའི་གཞུང་ཚབ་ཁང་དུ་དཔེ་དེབ་འགྲེམས་སྤེལ་མཛད་སྒོ་གཉེར་བ་དང་། ལོ་ན་78སོན་པའི་པ་ཐ་ལ་དབྱི་གྱེས་ནས་ཡུན་རིང་འདས་པའི་པེ་ཅིང་ལ་བསྐྱར་དུ་ལོག་ནས་མཛད་སྒོར་ཞུགས། དཔེ་དེབ་དེའི་ལས་འཕྲོར་བརྟེན་ནས་ཨ་ནུའུ་པོ་དང་པ་ཐ་ལ་དབྱིར་ངའི་ཤེས་རྟོགས་དང་གུས་སེམས་སྔར་བས་ཇེ་ཟབ་ཏུ་ཕྱིན།
         ཀྲུང་གོར་བཅངས་པའི་བརྩེ་དུང་ཟབ་མོ།
         པ་ཐ་ལ་དབྱི་ནི་1929ལོར་ནེ་པ་ལའི་ཀ་ཏ་མན་རྡུར་སྐྱེས་པ་དང་ཁོང་ནི་རྒྱ་གར་པེ་ན་ལེ་སི་སློབ་ཆེན་གྱི་ཆབ་སྲིད་རིག་པའི་རབ་འབྱམས་པ་རེད། 1951ལོར་པེ་ན་ལེ་སི་སློབ་ཆེན་དུ་ཁོང་རྒྱ་ཡིག་སློབ་སྦྱོང་འཛིན་གྲྭར་ཐོག་མར་ཞུགས། 1958ལོའི་ཟླ་11པར་ནེ་པ་ལ་སྲིད་གཞུང་གིས་ཁོང་པེ་ཅིང་སློབ་ཆེན་དུ་ཟབ་སྦྱོང་ལ་མངགས་ཤིང་། སྐབས་དེའི་ནེ་པ་ལའི་འགོ་ཁྲིད་སྐུ་ངོ་མས་ཕྱག་འཕྲིན་སྤྲིངས་ནས་ཙུང་ལི་ཀྲོའུ་ཨེན་ལའེ་ལ་ཁོང་ངོ་སྤྲོད་ཞུས།
         སློབ་སྦྱོང་མཇུག་འགྲིལ་རྗེས་པ་ཐ་ལ་དབྱིས་ཁོང་གི་ཕྱི་འབྲེལ་འཚོ་བ་འགོ་བརྩམས་པ་དང་། ཐོག་མར་ཀྲུང་གོར་བཅའ་སྡོད་ནེ་པ་ལའི་གཞུང་ཚབ་ཁང་དུ་ལས་ཀ་བསྒྲུབས་པ་དང་ཕྱིས་སུ་སླར་ཡང་ཁྲའོ་ཞན་དང་། ཕ་ཁི་སི་ཐན། དབྱི་རན། ཐུར་ཁེ་བཅས་སུ་ཕྱི་དོན་གཅོད་དུ་བསྐྱོད། འོན་ཀྱང་ཁོང་གིས་ཀྲུང་གོར་བསྐྱལ་བའི་དུས་ཚོད་ལ་རྩ་ཆེན་པོ་བྱེད་ཀྱི་ཡོད། ཁོང་གིས་ཐེངས་གཉིས་རིང་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཁང་དུ་ལས་འགན་འཁུར་མྱོང་བ་དང་དྲུང་ཡིག་རིམ་པ་དང་པོ་དང་། ཚན་ཙན། གཞུང་ཚབ་བཅས་གནང་མྱོང་། དུས་རབས་གོང་མའི་ལོ་རབས་དྲུག་ཅུ་བདུན་ཅུར་ཁོང་གིས་ད་དུང་ནེ་པ་ལའི་རྒྱལ་པོ་མ་ཧེན་ཏེ་ལ་དང་རྒྱལ་པོ་པི་ལན་ཏེ་ལར་ཕེབས་རོགས་ཞུས་ཏེ་ཀྲུང་གོར་འཚམས་འདྲི་བྱས་པ་རེད།
         རྒྱ་ཡིག་སྦྱོང་སྐབས་པ་ཐ་ལ་དབྱིས་ནེ་པ་ལའི་སངས་རྒྱས་ཆོས་ཀྱི་མཁས་པ་ཡིན་པའི་ཆ་ནས་དེང་རབས་ཀྲུང་གོ་དང་ཀྲུང་གོའི་ལོ་རྒྱུས་ལ་ཤེས་རྟོགས་ཟབ་མོ་བྱེད་པའི་དགོས་པ་ཡོད་ཚུལ་རྟོགས། ཁོང་ཚོའི་རོགས་རམ་འོག་པ་ཐ་ལ་དབྱིས་ཀྲུང་གོའི་སྐོར་གྱི་དཔེ་དེབ《ཀྲུང་གོ་དང་ནེ་པ་ལའི་དབར་གྱི་འབྲེལ་བ》བྲིས་ནས་ནེ་པ་ལའི་མི་དམངས་ལ་ཀྲུང་གོ་ངོ་སྤྲོད་བྱས། 1961ལོར་ནེ་པ་ལ་ཚན་རིག་ཁང་གིས་དཔེ་དེབ་དེ་དཔེ་སྐྲུན་བྱེད་སྐབས་ནེ་པ་ལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་མཐའ་མཚམས་ཆིངས་ཡིག་དངོས་སུ་འཇོག་པར་འཁེལ་ཞིང་། དཔེ་དེབ་དེ་ཡང་ནེ་པ་ལའི་འཐུས་མི་ཚོགས་པས་ཀྲུང་གོའི་འགོ་ཁྲིད་པར་ཕུལ་བའི་ལག་རྟགས་སུ་གྱུར་པ་རེད།
         ཁོང་ཀྲུང་གོ་གསར་པའི་ལོ་བཅུའི་རྒྱལ་སྟོན་རྟེན་འབྲེལ་ཆེ་མོའི་ཁྲོམ་སྐོར་ལ་ཞུགས་མྱོང་བ་དང་། མི་དམངས་ཚོགས་ཁང་ཆེ་མོ་བསྐྲུན་པའི་འོས་འགན་ངལ་རྩོལ་ལ་ཞུགས་མྱོང་བ་མ་ཟད། གདན་ཞུས་ལྟར་མི་དམངས་ཚོགས་ཁང་ཆེན་མོར་གཉེར་བའི་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་གཟབ་རྒྱས་ལའང་ཞུགས་ཤིང་། 1960ལོའི་ཟླ་4པར་ཙུང་ལི་ཀྲོའུ་ཨེན་ལའེ་མཆོག་གདན་ཞུ་ལྟར་ནེ་པ་ལར་འཚམས་འདྲིར་ཕེབས་པ་དང་། ནེ་པ་ལའི་འཛམ་གླིང་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པའི་ཉིན་གུང་གསོལ་སྟོན་ལ་ཁོང་གིས་ཐོག་མར་ཀྲོའུ་ཙུང་ལི་མཇལ་བ་རེད།
         1961ལོའི་ཟླ་10པར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ནེ་པ་ལ་རྒྱལ་ལྡན་རྒྱལ་ཁབ་ཀྱི་མཐའ་མཚམས་སྐོར་གྱི་ཆིངས་ཡིག》དངོས་སུ་འཇོག་པའི་མཚམས་སུ་པ་ཐ་ལ་དབྱིས་ནེ་པ་ལ་ཕྱོགས་ཀྱི་འཐུས་མི་བྱས་ནས་པེ་ཅིང་དུ་སྐད་སྒྱུར་དུ་ཡོང་། ཟླ་10ཚེས་5ཉིན་ཀྲུའུ་ཞི་ལིའུ་ཧྲའོ་ཆི་དང་རྒྱལ་པོ་མ་ཧེང་ཏེ་ནས་རྒྱལ་ཁབ་སོ་སོའི་ཚབ་ཞུས་ནས་མཐའ་མཚམས་སྐོར་གྱི་ཆིངས་ཡིག་བཞག་སྟེ། པ་ཐ་ལ་དབྱི་བྱ་བ་གལ་ཆེན་དེའི་དཔང་མིར་གྱུར།
         1970ལོར་ནེ་པ་ལའི་རྒྱལ་པོ་པི་ལན་ཏེ་ལའི་རྒྱལ་སྲས་གཉེན་སྒྲིག་བྱེད་སྐབས་ཙུང་ལི་ཀྲོའུ་ཨེན་ལའེ་ནེ་པ་ལར་གདན་ཞུ་བྱས་པ་རེད། ཙུང་ལི་ཀྲོའུ་ཨེན་ལའེ་ཉིན་རེའི་ལས་རིམ་མང་བའི་རྐྱེན་གྱིས་ཕེབས་མ་ཐུབ་མོད། གཉེན་སྒྲིག་གི་ཉིན་དེར་ཀྲུང་གོར་བཅའ་སྡོད་ནེ་པ་ལའི་གཞུང་ཚབ་ཁང་གི་གསོལ་སྟོན་ལ་ཕེབས། སྐབས་དེར་པ་ཐ་ལ་དབྱི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཀྱི་གནས་སྐབས་ལས་ཚབ་ཡིན་པས་སྣེ་ལེན་དང་གསོལ་སྟོན་ཚང་མ་ཁོང་གིས་གཙོ་སྐྱོང་གནང་གི་ཡོད། ཙུང་ལི་ཀྲོའུ་ཨེན་ལའེ་གཞུང་ཚབ་ཁང་དུ་ཆུ་ཚོད་4བཞུགས་ནས་གསོལ་སྟོན་ཐོག་བྱམས་བརྩེ་དང་མཛའ་མཐུན་ལྡན་པའི་གསུང་བཤད་གནང་བ་མ་ཟད། རྐུབ་སྟེགས་ཧྲ་ཧྥ་ཐོག་བཞུགས་ནས་པ་ཐ་ལ་དབྱི་དང་སྤྲོ་སེམས་འཁོལ་བའི་གླེང་མོལ་གནང་བའི་ཡིད་དགའ་བའི་རྣམ་པ་དག་པ་ཐ་ལ་དབྱིའི་སེམས་དབུས་སུ་རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་ཡོད།
         1976ལོར་པ་ཐ་ལ་དབྱི་ཀྲུང་གོར་ལས་ཀ་བྱེད་པར་ཐེངས་གཉིས་པ་མངགས་སྐབས། ཁོང་གིས་གུས་བཀུར་ཆེ་ཤོས་ཞུ་བའི་ཙུང་ལི་ཀྲོའུ་ཨེན་ལའེ་སྐུ་གཤེགས་ཟིན། ཕྱིས་སུ་ཁོང་གིས་བྲིས་པའི་དཔེ་དེབ《ནེ་པ་ལ་དང་ཀྲུང་གོ》ཆེད་མངགས་ཐེན་ཅིན་དུ་ཡོད་པའི་ཀྲོའུ་ཨེན་ལའེ་དང་ཏེང་དབྱིང་ཁྲའོ་ཡི་དྲན་གསོ་ཁང་དུ་འབུལ་བར་ཕྱིན། ལས་འགན་འཁུར་རིང་ཁོང་དང་ཙུང་ལི་གཞོན་པ་ཏེང་ཞའོ་ཕིང་ཐེངས་མང་མཇལ་མྱོང་ཡོད་ལ་ཏེང་ཞའོ་ཕིང་ནེ་པ་ལར་འཚམས་འདྲིར་ཕེབས་རྒྱུའི་ཐད་བཀོད་སྒྲིག་ཞིབ་ཚགས་བྱས། 1980ལོར་པ་ཐ་ལ་དབྱི་ལས་འགན་ཕྱིར་འཐེན་བྱས་ནས་རང་གི་རྒྱལ་ཁབ་ཏུ་ཕྱིར་ལོག་བྱས་རྗེས་ཁོང་པེ་ཅིང་དུ་ཐེངས་མང་ཕེབས།
         མཛའ་མཐུན་གྱི་རྒྱུན་མཐུད་པ།
         2010ལོའི་ཟླ་8པར་པ་ཐ་ལ་དབྱི་སྟབས་མ་ལེགས་པར་ཚེ་ལས་འདས་ཀྱང་། ཀྲུང་གོ་དང་མཛའ་མཐུན་སྤེལ་རེས་བྱེད་པའི་རྒྱུན་དེ་ཁོང་གི་བུ་ཨ་ནུའུ་པོ་· པ་ཐ་ལ་དབྱིས་མཐུད་པ་རེད།
         ཨ་ནུའུ་པོ་1959ལོར་སྐྱེས་པ་དང་ལོ་ཆུང་དུས་ཕ་དང་མཉམ་དུ་པེ་ཅིང་དུ་འགྲོ་མྱོང་ཡོད། 1976ལོར་ཕ་དང་མཉམ་དུ་སླར་ཡང་པེ་ཅིང་དུ་ཡོང་སྐབས་ཨ་ནུའུ་པོ་ཡིས་སྔ་རྗེས་སུ་པེ་ཅིང་སྐད་ཡིག་སློབ་གླིང་དང་པེ་ཅིང་སྦྲག་ལས་སློབ་གླིང་དུ་སློབ་སྦྱོང་བྱས།
         ནེ་པ་ལར་ཕྱིར་ལོག་བྱས་མ་ཐག་ཨ་ནུའུ་པོ་ཡི་གྲོས་འགོ་བཏོན་པའི་འོག་1981ལོར་ཀྲུང་གོ་ནས་སློབ་གྲྭ་ཐོན་པའི་ནེ་པ་ལའི་སློབ་ཆེན་སློབ་མ་40ཡིས་ཨ་ཉི་ཀོ་མཐུན་ཚོགས་བཙུགས་ཤིང་། དེ་ནི་གཉེར་སྐྱོང་གི་ངོ་བོ་ལྡན་མེད་པའི་དམངས་ཁྲོད་ཀྱི་མཛའ་མཐུན་རྩ་འཛུགས་ཤིག་ཡིན་པ་དང་། ཁོངས་མི་ཚང་མ་ཀྲུང་གོར་སློབ་སྦྱོང་བྱེད་མྱོང་ཡོད་པའི་ནེ་པ་ལའི་མཁས་དབང་དང་ཆེད་ལས་ཤེས་ཡོན་ཅན་ཤ་སྟག་ཡིན་པས་མཐུན་ཚོགས་ཀྱིས་སློབ་གསོ་དང་། རིག་གནས། ཆོས་ལུགས། དཔལ་འབྱོར་སོགས་ལ་ཀྲུང་གོ་དང་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་ཀྱི་སྤེལ་རེས་ལ་སྐུལ་མ་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱས་ཡོད། 2001ལོ་ནས་2003ལོ་བར་ཨ་ནུའུ་པོས་ཨ་ཉི་ཀོ་མཐུན་ཚོགས་ཀྱི་ཚོགས་གཙོའི་འགན་ཁུར་བ་རེད། 2003ལོར་ཁོང་གིས་སླར་ཡང་ནེ་ཀྲུང་དཔལ་འབྱོར་ཉོ་ཚོང་མཐུན་ཚོགས་འཛུགས་རྒྱུའི་གྲོས་འགོ་བཏོན་ནས་བཙུགས་པ་མ་ཟད། ཀྲུའུ་ཞིའི་འགན་ཡང་ཁུར། ཨ་ཉི་ཀོ་མཐུན་ཚོགས་དང་ནེ་ཀྲུང་དཔལ་འབྱོར་ཉོ་ཚོང་མཐུན་ཚོགས་ཀྱིས་རྟག་ཏུ་ནེ་ཀྲུང་སྤེལ་རེས་ཀྱི་བྱེད་སྒོ་ཐུན་མོང་ཐོག་སྤེལ་གྱི་ཡོད་པ་དཔེར་ན། ནེ་པ་ལའི་ཁེ་ལས་མཁས་ཅན་གྱི་རྟོག་ཞིབ་ཚོགས་པ་སྒྲིག་འཛུགས་བྱས་ནས་ཀྲུང་གོའི་ས་གནས་ཁག་ཏུ་ལྟ་སྐོར་བྱེད་པ་དང་། ཀྲུང་གོའི་ཉོ་ཚོང་འགྲེམས་སྟོན་དང་ངོ་འཕྲད་གྲོས་མོལ་ལ་ཞུགས་པ། ནེ་པ་ལར་ཀྲུང་གོའི་ཚོང་ཟོག་འགྲེམས་སྟོན་གཉེར་བ། ནེ་པ་ལར་ལས་གྲྭའི་རྣམ་གྲངས་ཁག་གཅིག་གི་འགན་ཚད་བརྩོན་ལེན་ནང་ཀྲུང་གོའི་ཁེ་ལས་ཞུགས་རྒྱུར་རོགས་རམ་བྱེད་པ་སོགས་རེད།
         ད་ཆ་ཨ་ནུའུ་པོ་དང་འདྲ་བའི་མཛའ་མཐུན་མི་སྣ་རྒན་རྒོན་དུ་འགྱུར་བཞིན་ཡོད་ཀྱང་། མི་རབས་གསར་པའི་རྒྱུན་འཛིན་པ་འཚར་ལོངས་ཡོང་བཞིན་ཡོད། ཨ་ནུའུ་པོའི་བུ་གཉིས་དང་བུ་རྒན་པའི་མནའ་མ་ཚང་མ་ཀྲུང་གོའི་སློབ་གྲྭ་ཆེ་མོ་ནས་ཐོན་ཅིང་། ད་ཆ་ནེ་པ་ལའི་སློབ་མ་100ལྷག་ཙམ་ལ་ཀྲུང་གོར་འབུམ་རམས་པའི་སློབ་གནས་རག་ཡོད། ང་ཚོས་འབྱུང་འགྱུར་གྱི་ཀྲུང་ནེའི་མཛའ་མཐུན་གོང་འཕེལ་ཡོང་བར་རེ་བ་ཆེན་པོ་བྱེད་ངེས་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།