འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ཆེན་དང་རང་སྐྱོང་ལྗོངས་གྲོང་ཁྱེར་བཅས་བདུན་གྱིས་མཉམ་འབྲེལ་ཐོག་བཙོག་འབུད་
    ཉུང་གཏོང་བྱས་ནས“འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར”
    དང“དམག་གཟིགས”རིང་གི་མཁའ་རླུང་སྤུས་ཚད་འགན་ལེན་བྱེད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་24ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་22ཉིན་2015ལོའི་པེ་ཅིང་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་འགོ་ཚུགས་པ་རེད། པེ་ཅིང་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་ཚེས་22ཉིན་ནས་24ཉིན་བར་པེ་ཅིང་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་ཙམ་ཡོད་པའི་སྔོན་བརྡ་བཏང་བ་རེད། མཁའ་དབྱིངས་རླུང་ཡུར་དང་དེ་བཞིན་ས་ངོས་ཀྱི་བྱང་ཤར་མཁའ་རླུང་གི་གནོན་ཤུགས་ཆེན་པོའི་དབང་གིས་ས་ངོས་ཀྱི་དྲོད་ཚད་ཅུང་དམའ་ཙམ་ཡོད་པ་དང་ཆར་པ་བསྟུད་མར་འབབ་རྒྱུ་ཡིན་པས་སྦགས་བཙོག་མཆེད་པའི་རྒྱུ་རྐྱེན་མང་ཙམ་ཡོད་པ་རེད།
         “འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར”དང“རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་ཉིན་མོའི་དམག་གཟིགས”རིང་གི་མཁའ་རླུང་་སྤུས་ཚད་འགན་ལེན་ཡག་པོ་བྱ་ཆེད། འབྲེལ་ཡོད་སྡེ་ཚན་གྱིས་ལྟ་ཞིབ་ལམ་སྲོལ་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་ཉེ་འཁོར་ས་ཁུལ་གྱི་མཁའ་རླུང་སྤུས་ཚད་ལྟ་ཞིབ་ཚད་ལེན་བྱེད་པའི་སྔོན་བརྡ་དང་ཉེན་ཟོན་ཉེན་བརྡའི་གྲོས་མོལ་ལམ་སྲོལ། འཕྲལ་སྡོམ་ལས་ཀའི་ལམ་སྲོལ། ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་ལམ་སྲོལ། འགན་ལེན་ཇུས་གཞི་བཀོད་སྒྲིག་བཅས་བཏོན་ནས་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་རེད།
         པེ་ཅིང་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་ཅུས་ཀྲང་ཁྲེན་ཐེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་8ཚེས་20ཉིན་ནས་ཟླ་9ཚེས་4ཉིན་བར་གྱི་དུས་ཡུན་ཉིན་16རིང“5+4”(ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་ཅུས་ཀྱི་ལྟ་ཞིབ་ཚོགས་ཆུང་5དང་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱི་ལྟ་ཞིབ་ཚོགས་ཆུང་4)ཡི་ལྟ་ཞིབ་ལམ་སྲོལ་ཁྱོན་ཡོངས་ནས་ལག་ལེན་བསྟར་རྒྱུ་རེད། པེ་ཅིང་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་དང་། གྲོང་ཁྱེར་སྲིད་གཞུང་ལྟ་ཞིབ་ཁང་། འགྲིམ་འགྲུལ་སྐྱེལ་འདྲེན་ཨུ་ལྷན། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཨུ་ལྷན། དཔལ་འབྱོར་དང་ཆ་འཕྲིན་ཅན་ལས་དོན་ཨུ་ལྷན་སོགས་སྡེ་ཚན་གྱིས་གྲོང་ཁྱེར་རིམ་པའི་ལྟ་ཞིབ་ཚོགས་ཆུང་5བཙུགས་ནས་མཉམ་འབྲེལ་ཐོག་ལྟ་ཞིབ་བྱེད་བཞིན་ཡོད་པ་རེད།
         ལྟ་ཞིབ་དང་ཞིབ་བཤེར་བྱེད་རིང་། “དུས་ངེས་མེད་དང་། ལམ་ཐིག་ངེས་མེད། ལན་མི་སྐྱེལ་བ”དང“ཐད་ཀར་ས་གནས་ས་ཐོག་ཏུ་སྐྱོད་པ་དང་། ཐད་ཀར་ཁྲིམས་འཛིན་བྱེད་པ། ཐད་ཀར་ཕྱིར་བསྒྲགས་བྱེད་པ”བཅས་ཀྱི་བྱེད་སྟངས་ལ་བརྟེན་ནས་ཁྲོམ་གཞུང(ཤང་གྲོང)དང་། ཁེ་ལས། ལས་ཡུལ་བཅས་དང་དེ་བཞིན་ཁྲིམས་འཛིན་བྱེད་སའི་འཐབ་ས་དང་པོར་སྐྱོད་དེ་བྱེད་ཐབས་དོན་འཁྱོལ་བྱ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་རེད།
         དེ་དང་དུས་མཚུངས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་དེ་བཞིན་ཉེ་འཁོར་ས་ཁུལ་གྱི་མཁའ་རླུང་སྤུས་ཚད་ལྟ་ཞིབ་ཚད་ལེན་བྱེད་པའི་སྔོན་བརྡ་དང་ཉེན་ཟོན་ཉེན་བརྡའི་གྲོས་མོལ་ལམ་སྲོལ་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས་དུས་བཀག་བཞིན“བྱེད་སྒོ་ཆེ་གྲས་གཉིས”ཀྱི་བཀོད་འདོམས་པུའུ་དང་པེ་ཅིང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་ལ་མཁའ་རླུང་སྤུས་ཚད་ལྟ་ཞིབ་ཚད་ལེན་གྱི་སྔོན་དཔག་སྔོན་བརྡའི་ཆ་འཕྲིན་སྙན་སེང་ཞུ་རྒྱུ་ཡིན་པ་རེད།
         གཞན་ཡང་རྡོ་སོལ་གྱི་སྦགས་བཙོག་ལ་དམིགས་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཧྲན་ཤིས། ཧྲན་ཏུང་། ནང་སོག ཧོ་ནན་བཅས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་བདུན་གྱིས་རྡོ་སོལ་གློག་འདོན་བཟོ་གྲྭས་གློག་འདོན་མཚམས་བཞག་ནས་ཞིབ་བཤེར་བཟོ་བཅོས་བྱེད་པ་དང་། གློག་འདོན་གློག་གནོན་ཤུགས་ཆུང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྦགས་བཙོག་དངོས་པོ་30%ཡན་ཉུང་གཏོང་དང་ལོ་མང་སྤྱད་པའི་རྡོ་སོལ་ཁྲོ་ཐབ་ལས་མཚམས་བཞག་ནས་བཙོག་འབུད་ཉུང་གཏོང་30%ཡན་བྱ་རྒྱུ་རེད། འཕྲུལ་སྒུལ་འཁོར་རིགས་ཀྱི་སྦགས་བཙོག་ལ་དམིགས་ནས་པེ་ཅིང་གྲོང་ཁྱེར་གྱིས་འཕྲུལ་སྒུལ་འཁོར་རིགས་ཨང་གྲངས་ཆ་སྒྲིག་དང་ཡ་སྒྲིག་བཞིན་གཏོང་བའི་བྱེད་ཐབས་ལག་ལེན་བསྟར་བ་དང་། གཞུང་འཁོར་80%ཡན་གཏོང་མཚམས་འཇོག་པ། པེ་ཅིང་དུ་ཡོང་མཁན་རླངས་འཁོར་གྱི་མཇུག་རླངས་ལ་ལྟ་ཞིབ་བྱ་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་ཡོད་པ་རེད། བཟོ་ལས་ཀྱི་སྦགས་བཙོག་ལ་དམིགས་ནས་ཚད་གཞི་བརྟན་པོ་མི་ལོན་པའམ་ཡང་ན་བཅོས་སྒྲིག་ལས་འགན་ལེགས་སྒྲུབ་ཟིན་མེད་རིགས་གནས་སྐབས་ཐོན་སྐྱེད་བྱེད་མཚམས་བཞག་པ་དང་ངར་ལྕགས་དང་། རྡོ་སོལ་སྲེག་སྒྱུར། ཨར་འདམ་སོགས་མཁའ་དབྱིངས་སྦགས་བཙོགས་འབྱུང་གནས་དང་ཡལ་བའི་རང་བཞིན་གྱི་སྐྱེ་ལྡན་དངོས་པོའི་བཟོ་ལས་ཁེ་ལས་གཙོ་གནད་དུ་བརྩིས་ནས་བྱེད་ཐབས་སྤྱད་དེ་སྦགས་བཙོག་ཕྱིར་འབུད་བྱ་ཤུགས་ཆུང་དུ་བཏང་བ་དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་བདུན་དུ་ཐོན་སྐྱེད་བྱེད་མཚམས་འཇོག་པ་དང་བྱེད་མཚམས་བཞག་པའི་ཁེ་ལས་བསྡོམས་ཁྲི་1ལྷག་ཙམ་ཟིན་ཡོད་པ་རེད། ཐལ་རྡུལ་སྦགས་བཙོག་ལ་དམིགས་ནས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་བདུན་དུ་ཨར་སྐྲུན་ལས་གྲྭ་9000ཙམ་གནས་སྐབས་ལས་མཚམས་བཞག་པ་དང་དུས་མཚུངས་གཙོ་གནད་འགྲོ་ལམ་དུ་གཙང་སྦྲ་ཡང་ཡང་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་ཡོད། ཐང་སྡེར་དུ་བསྲེགས་ཟས་བཀྲག་པ་སོགས་ལའང་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་བྱས་ཏེ་སྦགས་བཙོག་ཕྱིར་འབུད་བྱེད་ཚད་ཉུང་དུ་ཧུར་ཐག་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།