འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་རང་བྱུང་འོབས་ཆེན་བདེ་བགྲོད་ལམ་བུར་གྱུར་ནས་ས་མཐོ་དེ་སྔར་བཞིན་
    བར་ཐག་རིང་པོ་མིན།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་24ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། 2013ལོའི་ཟླ་10ཚེས་31ཉིན་རྒྱལ་ཡོངས་སུ་གཞུང་ལམ་ཤར་གཏོང་མི་ཐུབ་པའི་རྫོང་གྲོང་འབའ་ཞིག་མེ་ཏོག་ཏུ་དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་ཅིང་། མེ་ཏོག་གཞུང་ལམ་ཤར་གཏོང་ཐུབ་པ་དེ་ཐོག་ནས་ས་གནས་དེ་གའི་སྤྲེའུ་ལམ་དང་། རྟ་དྲེལ་ལམ། འབྲེང་ཟམ། ཁུར་ཙ་བ་བཅས་རིམ་བཞིན་ལོ་རྒྱུས་ཀྱི་གར་སྟེགས་ནས་མེད་པར་འགྱུར་པ་མཚོན་ཡོད།
         མིག་སྔར་བོད་ཀྱི་གྲོང་གསེབ་གཞུང་ལམ་ལ་སྤྱི་ལེ་63500ལྷག་ཙམ་ཟིན་པ་དང་ལྗོངས་ཡོངས་སུ་རྫོང་74ཡི་ཁྲོད་69ལ་སྣུམ་ནག་ལམ་ཡོད་པ་དང་། ཤང་དང་གྲོང་རྡལ་99.7%ལ་གཞུང་ལམ་ཤར་གཏོང་ཐུབ་ནས་ཤང་དང་གྲོང་རྡལ་ཕྱེད་ཀ་ཡན་ལ་གཞུང་ལམ་ཤར་གཏོང་ཐུབ་ཡོད་པ་རེད། དེ་སྔ“བོད་དུ་ཡོང་དཀའ་བ་དང་། བོད་ནས་ཐོན་དཀའ་བ། བོད་དུ་འགྲོ་སྐྱོད་སྟབས་བདེ་མེད་པ”བཅས་ཡིན་ཤིང་། ད་ཆ་མཁའ་དབྱིངས་དང་ས་ཐོག་གི་བསླངས་གཟུགས་འགྲིམ་འགྲུལ་དྲ་བས་བོད་དུ་འགྲོ་སྐྱོད་བྱས་ཚེ་སྟབས་བདེ་ལ་མྱུར་པོ་ཡོད། བོད་དུ་ལྷ་ས་གོང་དཀར་གནམ་ཐང་གིས་ལྟེ་བར་བྱེད་པ་དང་། ཆབ་མདོའི་སྤང་མདའ། ཉིང་ཁྲིའི་སྨན་གླིང་། མངའ་རིས་ཀྱི་དགུན་ས། གཞིས་རྩེའི་ཞི་བདེ་བཅས་གནམ་ཐང་གིས་ཡན་ལག་ལམ་བུ་བྱེད་པའི་གནམ་ཐང་དྲ་སྦྲེལ་ཆེན་པོ་ལྔ་ཆགས་པ་དང་། རྒྱལ་ཁབ་ཕྱི་ནང་གི་མཁའ་ལམ་48བཏོད་ནས་གནམ་གྲུ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་29ཡོད་པ་དང་། ཡུལ་སྐོར་བྱེད་མང་བའི་དུས་སུ་ཉིན་ལྟར་བོད་དུ་འགྲོ་སྐྱོད་བྱེད་མཁན་གྱི་དུས་གཏན་གནམ་གྲུ་100ལྷག་ཙམ་ཡོད་པ་དང་ལོར་ཡུལ་སྐོར་བ་དབོར་འདྲེན་བྱས་ཚད་མི་ཐེངས་ཁྲི་275.9ཟིན་ཡོད། མཚོ་བོད་ལྕགས་ལམ་རྒྱུན་མཐུད་བདེ་འཇགས་ངང་འཁོར་སྐྱོད་བྱུང་ནས་ད་ཆ་ཉིན་ལྟར་བོད་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་མེ་འཁོར་ཐེངས་30ཟིན་ནས་ཉིན་རེར་ཆ་སྙོམས་བོད་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བ་མི་ཐེངས་9100ཟིན་ཡོད། 
         “ཞོགས་པ་ལྷ་སར་ཇ་མངར་མོ་བཏུང་བ་དང་ཉིན་གུང་གཞིས་རྩེར་གླིང་ག་གཏོང་བའི”དེ་སྔའི་ཕུགས་འདུན་དེ་ད་ཆ་མངོན་འགྱུར་བྱུང་བ་དང་གྲོང་ཁྱེར་གཉིས་དབར་གྱི“གཟའ་མཇུག་སྤྲོ་གསེང”ཡང་འཛད་སྤྱོད་ཀྱི་གླེང་མང་སར་གྱུར་ཡོད། ལྷ་གཞིས་ལྕགས་ལམ་གྱིས་བོད་ཀྱི་ལྷོ་ནུབ་ས་ཁུལ་གྱིས་གཞུང་ལམ་ཁོ་ནར་བརྟེན་ནས་སྐྱེལ་འདྲེན་བྱེད་པའི་རྣམ་པར་རྦད་དེ་འགྱུར་ལྡོག་བཏང་ནས་གཞིས་རྩེ་ལྟེ་བར་བྱས་པའི་གཙང་ཁུལ་དེ་ཉིད་གསོན་ཤུགས་ཀྱིས་ཁེངས་པའི“ལྕགས་ལམ་དུས་རབས”སུ་སླེབས་ཤིང་། མིག་སྔའི་བར་གཞུང་ལམ་དེའི་ཐོག་ཡུལ་སྐོར་བ་མི་ཐེངས་ཁྲི་62.6དབོར་འདྲེན་བྱས་ཡོད།
         རང་བྱུང་འོབས་ཆེན་བདེ་བགྲོད་ལམ་བུར་གྱུར་ནས་མཁའ་དབྱིངས་ཀྱི་བོད་ལྗོངས་དེ་ཉིད་སྔར་བཞིན་ཐག་རིང་པོ་མིན། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་ཆེད་བོད་ཀྱིས་གཞུང་ལམ་འགྲིམ་འགྲུལ་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་གཏོང་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་། 2020ལོར་སླེབས་སྐབས་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་11ལས་བརྒལ་རྒྱུ་དང་། གྲོང་གསེབ་ཀྱི་གཞུང་ལམ་རིང་ཚད་སྤྱི་ལེ་ཁྲི་7ལས་བརྒལ་རྒྱུ། གཞུང་ལམ་ཨ་མའི་མཐོ་རིམ་ཅན་གྱི་ལམ་ཚད་སྤྱི་ལེ་1200ལས་བརྒལ་རྒྱུ། ཤང་གྲོང་ཚང་མ་དང་སྒྲིག་ཚང་གྲོང་ཚོ་50%ལ་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་རྒྱུ་བཅས་མངོན་འགྱུར་བྱས་ནས་ལྷ་ས་ལྟེ་བར་བྱས་པ་དང་ས་ཁུལ་དང་གྲོང་ཁྱེར་6ལ་ཁྱབ་པའི“ཆུ་ཚོད་གསུམ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་འཁོར་རྒྱ”ཞིག་བསྐྲུན་རྩིས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།