འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱི་ས་མཐོའི་ཁྱད་ལྡན་ཐོན་ལས་འབུར་དུ་ཐོན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་14ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། དེ་སྔ་ཞིང་འབྲོག་དཔལ་འབྱོར་རྐྱང་པ་གཙོ་བོར་བྱེད་པའི་བོད་རང་སྐྱོང་ལྗོངས་ཀྱིས་ཉེ་བའི་ལོ་ཤས་རིང་ཁྱད་ལྡན་ལེགས་ལྡན་ཐོན་ལས་སྐྱེད་སྲིང་གི་འཐབ་ཇུས་འདེགས་སྐྱོར་དང་ཟུང་འབྲེལ་བྱེད་པ་དང་། ཐོན་ལས་རིམ་སྤོར་སྒྱུར་བཀོད་ལ་རྒྱུན་ཆད་མེད་པར་རོགས་སྐྱོར་བྱེད་པ། ཐོན་ལས་ཀྱི་གྲུབ་ཆ་དེ་བས་ལུགས་མཐུན་དུ་གཏོང་བ་བཅས་བྱས་པས་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་དང་། མི་རིགས་ལག་ཤེས་བཟོ་ལས། ལྷད་མེད་བཟའ་བཏུང་ཐོན་རྫས་སོགས་ཁྱད་ལྡན་ལེགས་ལྡན་ཐོན་ལས་འབུར་དུ་ཐོན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ན་ནིང་བོད་ཀྱི་ཐོན་ལས་གཉིས་པ་དང་གསུམ་པ་དེ་1965ལོ་དང་བསྡུར་ན་བརྒྱ་ཆའི་གྲངས་29.8དང་31.2སོ་སོར་མཐོ་རུ་ཕྱིན་ཡོད།
         བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་མ་ཆིང་ལིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་50འཕེལ་རྒྱས་ཕྱིན་པ་བརྒྱུད་བོད་ལྗོངས་ས་ཁུལ་གྱི་སྤྱིའི་ཐོན་རྫས་རིན་ཐང་ནང་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་རིན་ཐང་འཕར་མས་བཟུང་བའི་བསྡུར་གྲངས་དེ་1965ལོའི་70.9:6.8:22.3ནས་2014ལོའི་9.9:36.6:53.5འགྱུར་ལྡོག་ཕྱིན་ཡོད། གཏེར་ཆུ་གསར་སྤེལ་དང་དེ་བཞིན་ཁྱད་ལྡན་བཏུང་ཆ་ལས་སྣོན་དང་། ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ལས་སྣོན་ཞིབ་ཚགས། མི་རིགས་ལག་ཤེས་བཟོ་ལས་ཐོན་རྫས་དང་ཡུལ་སྐོར་ཐོན་རྫས་གསར་སྤེལ། བོད་ལུགས་གསོ་རིག་དང་བོད་སྨན་སྨན་གསར་ཞིབ་བཟོ། བོད་རུམ་ཐོན་སྐྱེད་ལས་རིམ་རྒྱས་སྐྲུན་སོགས་ཐོན་ལས་ཅན་གྱི་རྣམ་གྲངས་ཁག་གཅིག་ཐོན་སྐྱེད་བྱེད་འགོ་ཚུགས་པ་དེས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་རིམ་སྤོར་ལ་སྐུལ་འདེད་ནུས་ལྡན་ཐེབས་་ཡོད།
         ཉེ་བའི་ལོ་གཉིས་རིང་བོད་ཀྱིས་རྒྱལ་ཡོངས་ཀྱི་གོམ་སྟབས་ཀྱི་རྗེས་སུ་འབྲངས་ནས་གྲུབ་ཆ་ལེགས་སྒྲིག་དང་བྱེད་སྟངས་འགྱུར་ལྡོག་གཏོང་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང་ཀ་རྟེན་ཐོན་ལས་(རང་བྱུང་འཐུང་ཆུ་དང་ལེགས་ལྡན་གཏེར་ལས)ཧུར་ཐག་བཏོད་པ་དང་། ཁྱད་ལྡན་ལེགས་ལྡན་འབུར་དུ་ཐོན་པ། ས་མཐོའི་ཁྱད་ལྡན་ཐོན་ལས་གཙོ་བོར་བྱེད་པའི་དེང་རབས་ཅན་གྱི་བཟོ་ལས་འཕེལ་རྒྱས་མགྱོགས་པོ་ཕྱིན་ནས་ན་ནིང་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་66.16བཏོད་ཡོད། དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་རིན་ཐང་འཕར་མ་སྒོར་དུང་ཕྱུར་48.87ཚུད་ཡོད་པ་དེས་བསྡུར་གྲངས་ཀྱི་74%བཟུང་ཡོད།
         གྲངས་གཞིའི་ཐོག་ནས་མངོན་གསལ། བོད་ཀྱི་རང་བྱུང་འཐུང་ཆུ་སྣ་ཚོགས་ཀྱི་ཐོན་ཚད་ཏུན་ཁྲི་30ལས་བརྒལ་ཡོད་པ་དང་། ས་མཐོའི་ཁྱད་ལྡན་བཟའ་བཅའ་ཐོན་སྐྱེད་ལས་རིགས་ལོ་གོང་མ་ལས་ལྡབ་གཅིག་ལྷག་ཙམ་མང་དུ་ཕྱིན་ཡོད། ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་དང་། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་ན་ནིང་ལས་20%དང་6%སོ་སོར་འཕར་ནས་བོད་སྨན་ཁེ་ལས་18དང་བོད་སྨན་སྣ་ཁ་360ལྷག་ཙམ་ཡོད།
         “ཕྱོགས་འགྱུར་རིམ་སྤོར་དང་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་ཐོག་ནས་བལྟས་ན། བོད་ལ་ཐོན་ནུས་ཆེ་དྲགས་པའི་ཁུར་པོ་མེད་ལ་ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་གི་སྔ་མའི་གནད་དོན་ཡང་མེད་པས་གྲུབ་ཆ་ལེགས་སྒྲིག་གི་དཀའ་ཚེགས་ཆུང་བ་དེས་རྒྱུན་རྣམ་གསར་པའི་འོག་ཁྱད་ལྡན་འཕེལ་རྒྱས་ཡོང་རྒྱུར་གོ་སྐབས་བྱུང་ཡོད། ས་བབ་ཀྱི་ཆ་རྐྱེན་ཐོག་ནས་བལྟས་ན། བོད་འདི་ཉིད་རྒྱུད་གཅིག་ལམ་གཅིག་གི་ལྷོ་མཐུད་བྱང་སྦྲེལ་གྱི་ས་ཚིགས་གལ་ཆེན་ཞིག་ཏུ་གནས་ཡོད་པ་དང་། ཤར་ཕྱོགས་སུ་འབྲི་ཆུའི་དཔལ་འབྱོར་ཁུལ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་དཔལ་འབྱོར་ཁུལ་ནང་ཚུད་པས་སྒོ་དབྱེ་རྒྱ་ཆེར་གཏོང་བའི་གོ་སྐབས་དེ་ཧ་ཅང་ཐོབ་དཀའ་བ་ཞིག་རེད” ཅེས་བོད་རང་སྐྱོང་ལྗོངས་བཟོ་ལས་ཆ་འཕྲིན་ཅན་ཐིང་གི་ཐིང་ཀྲང་ཞུས་ཧྥེ་ཡིས་བཤད་པ་རེད།
         2010ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་བོད་ཀྱི“བཅད་གཉིས་ཁུལ་བཞིའི”འཐབ་ཇུས་གལ་ཆེན་གྱི་གནས་བབ་གཏོད་དགོས་པ་བཏོན་ཡོད། དེའི་ནང་ས་མཐོའི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་ཀྱི་རྟེན་གཞི་གལ་ཆེན་བསྐྲུན་རྒྱུ་དེས་ས་གནས་སྲིད་གཞུང་དང་ཞིང་འབྲོག་པའི་ཧུར་སེམས་ཆེན་པོ་འཕེལ་ཡོད།
         ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱིས་ཁྱད་ལྡན་ལས་སྣོན་ལས་རིགས་འཕེལ་རྒྱས་འགྲོ་རྒྱུ་དང་མང་ཚོགས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་ཐེབས་ཡོད། བོད་ཀྱིས་ས་ཁུལ་དང་གྲོང་ཁྱེར་རིམ་པ་ཡན་གྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཁྱོན་101ལ་འདེགས་སྐྱོར་དང་སྐྱེད་སྲིང་བྱས་པའི་ནང་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་སྣེ་འདྲེན་ཁེ་ལས་24(རྒྱལ་ཁབ་རིམ་པའི་ཁེ་ལས་8ཚུད་པ)ཡོད། ན་ནིང་ལོ་ཧྲིལ་པོར་རང་སྐྱོང་ལྗོངས་རིམ་པའི་སྣེ་འདྲེན་ཁེ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་23.2ཟིན་པ་དང་ཞིང་འབྲོག་ཐོན་རྫས་ལས་སྣོན་གྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་24ཟིན་ཡོད། ན་ནིང་བར་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་ཀྱིས་རྣམ་གྲངས་ལག་བསྟར་བྱ་ཡུལ་གྱི་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་13.15བཏོད་པ་དང་ཕན་པ་ཐོབ་པའི་མང་ཚོགས་ཁྲི་175.6ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།