འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་གློག་ཤུགས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་དཔལ་འབྱོར་འཕེལ་རྒྱས་དང་རྒྱལ་ཁབ་
    ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་18ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཛེས་སྡུག་ལྡན་པའི་གླིང་ཁུལ་དུ་ཐལ་རྡུལ་མཐོང་རྒྱུ་མེད་ལ། ལས་གོས་སྣ་ཚོགས་གྱོན་པའི་བཟོ་པས་གླིང་ཁུལ་གྱི་འགྲོ་ལམ་ཐོག་ཕར་འགྲོ་ཚུར་འོང་བྱེད་པའི་རྣམ་པ་ཞིག་མངོན་བཞིན་སྣང་། དེ་ནི་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཀྲུང་གོའི་གློག་ཤུགས་ཚོགས་པ་ཀུང་སིའི་པ་ལི་གླིང་ཕྲན་རྡོ་སོལ་གློག་ཁང་ནས་མཐོང་བའི་རྣམ་པ་ཞིག་ཡིན།
          པ་ལི་གླིང་ཕྲན་བྱང་རྒྱུད་མཚོ་རྒྱུད་དུ་གནས་པ་དང་པ་ལི་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཏན་པ་ས་གཡོད་དང་བར་ཐག་སྤྱི་ལེ་120ཡོད་པའི་ཀྲུང་གོའི་གློག་ཤུགས་ཚོགས་པ་ཀུང་སིའི་པ་ལི་གླིང་ཕྲན་གྱི་རྡོ་སོལ་གློག་ཁང་དེ་ནི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་གློག་ཤུགས་མཉམ་ལས་ཀྱི་རྣམ་གྲངས་ཤིག་ཡིན།
          ཡུལ་སྐོར་གནས་མཆོག་པ་ལི་གླིང་ཕྲན་དུ་རྣམ་གྲངས་བསྐྲུན་དགོས་ན། དང་ཐོག་ཁོར་ཡུག་སྲུང་སྐྱོང་ལ་བསམ་བློ་གཏོང་དགོས། རྣམ་གྲངས་ཀྱི་སྤྱི་ཁྱབ་ཅིང་ལི་ཝང་ཀྲེ་ཧའོ་ཡིས་ཀྲུང་གོའི་གློག་ཤུགས་ཚོགས་པ་ཀུང་སིས་སྣོད་བཅུད་ཁོར་ཡུག་དེ་ཡུལ་སྐོར་གྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ཞིག་ཡིན་པ་གསལ་པོ་ཤེས་ཀྱི་ཡོད་ལ་ཀྲུང་གོའི་གློག་ཤུགས་ཚོགས་པ་ཀུང་སི་དང་ཐ་ན་ཀྲུང་གོའི་ཁེ་ལས་ཀྱིས་གནས་དེར་ལྗང་མདོག་ཅན་གྱི་ལས་གྲྭ་ཞིག་གཏོད་རྒྱུའི་ཆོད་སེམས་བཞག་ཡོད། “དེར་བརྟེན་ང་ཚོས་སླར་ཡང་ཨ་སྒོར་ཁྲི་1000བཏང་ནས་རྡོ་སོལ་ར་བར་ཐོག་བཀབ་སྟེ་རྡོ་སོལ་གྱི་རྡུལ་གང་སར་མ་ཁྱབ་པ་བྱས་ཡོད་ལ། བཙོག་ཆུ་ཡང་བསགས་ནས་སླར་ཡང་སྤྱོད་པ་ལས་ཕྱིར་འབུད་ཀྱི་མེད”ཅེས་བརྗོད་བྱུང་།
           ཝང་ཀྲེ་ཧའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོའི་གློག་ཤུགས་ཚོགས་པ་ཀུང་སི་པ་ལི་གླིང་ཕྲན་རྡོ་སོལ་གློག་ཁང་དེར་ཁྱོན་ཨ་སྒོར་དུང་ཕྱུར་6.3བཏང་བའི་ནང་ཀུང་སིས་མ་དངུལ་25%བཏང་བ་དང་ཀྲུང་གོ་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་དེ་བྱིངས་ཀྱི་དངུལ་རྣམས་བཏང་ཡོད། དུས་ཐེངས་དང་པོའི་རྣམ་གྲངས་2012ལོའི་ཟླ་5ཚེས་1ཉིན་སྐྲུན་འགོ་ཚུགས་རྗེས་མིག་སྔར་གློག་གཏོང་འཕྲུལ་ཚན་གསུམ་ལས་འཕྲུལ་ཚན་གཉིས་ཀྱིས་གློག་གཏོང་འགོ་ཚུགས་པ་དང་འཕྲུལ་ཚན་གསུམ་པ་དེ་ཡང་ཉེ་དུས་སྒྲིག་སྦྱོར་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།