འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་ཀྲུང་གོ་ནན་ཧྲ་མཚོ་འོག་གླིང་ཕྲན་འཛུགས་
    སྐྲུན་གྱི་འབྲེལ་ཡོད་གནད་དོན་ཐད་གསར་འགོད་པའི་
    དྲི་བར་ལན་བཏབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་18ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་16ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་ཀྲུང་གོའི་ནན་ཧྲ་མཚོ་འོག་གླིང་ཕྲན་འཛུགས་སྐྲུན་གྱི་འབྲེལ་ཡོད་གནད་དོན་ཐད་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ནན་ཧྲ་གླིང་ཚོམ་གྱི་མཚོ་འོག་གླིང་ཕྲན་དང་གླིང་ཕྲན་ཁག་གཅིག་ཏུ་ཡོད་པའི་ཀྲུང་གོའི་འཛུགས་སྐྲུན་རིང་མིན་མཚོ་རྒྱོང་སྐམ་བཟོའི་ལས་གྲྭ་ལེགས་སྒྲུབ་བྱ་རྒྱུ་རེད་ཅེས་ལན་བཏབ་པ་རེད།
         ནན་ཧྲ་མཚོ་འོག་གླིང་ཕྲན་འཛུགས་སྐྲུན་ཐད་ཀྱི་ཀྲུང་གོའི་ཉེ་དུས་ཀྱི་གནས་ཚུལ་དང་དེ་བཞིན་དེའི་འབྲེལ་ཡོད་ལངས་ཕྱོགས་ངོ་སྤྲོད་གནང་རོགས་ཞེས་གསར་འགོད་པས་དྲི་བ་བཏོན།
          ལུའུ་ཁང་གིས་ནན་ཧྲ་མཚོ་འོག་གླིང་ཕྲན་འཛུགས་སྐྲུན་ནི་ཀྲུང་གོའི་བདག་དབང་ཁྱབ་ཁོངས་ཀྱི་བྱ་བ་ཞིག་དང་ཁྲིམས་མཐུན་དང་། ལུགས་མཐུན། ཚུལ་མཐུན་བཅས་ཡིན་པས་རྒྱལ་ཁབ་གང་འདྲ་ཞིག་ལའང་དམིགས་པ་ཞིག་མིན་པས་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་བཅའ་ཁྲིམས་ལྟར་ལྷོ་མཚོར་མཚོ་སྐྱོད་དང་འཕུར་སྐྱོད་ཀྱི་རང་དབང་ལ་ཤུགས་རྐྱེན་གང་ཡང་ཐེབས་མི་སྲིད་ལ་ལྷོ་མཚོའི་རྒྱ་མཚོའི་སྣོད་བཅུད་ཁོར་ཡུག་ལ་ཡང་གཏོར་བཤིག་ཀྱང་ཐེབས་མི་སྲིད་པས་སྐྱོན་འཛུགས་བྱེད་མི་རུང་ཞེས་བརྗོད་པ་རེད།
          ཁོང་གིས“འབྲེལ་ཡོད་སྡེ་ཚན་གྱིས་ཤེས་རྟོགས་བྱས་པ་བརྒྱུད་སྔོན་གཏན་འཁེལ་བའི་ལས་སྒྲུབ་འཆར་གཞིར་གཞིགས་ན། ནན་ཧྲ་གླིང་ཚོམ་གྱི་གླིང་ཕྲན་འགའ་ཞིག་ཏུ་ཡོད་པའི་ཀྲུང་གོའི་འཛུགས་སྐྲུན་ཉེ་ཆར་ས་རྒྱོང་སྐམ་བཟོའི་ལས་གྲྭ་ལེགས་སྒྲུབ་བྱ་རྒྱུ་རེད”ཅེས་བརྗོད་པ་རེད།
          ལུའུ་ཁང་གིས་ཀྲུང་གོའི་ནན་ཧྲ་མཚོ་འོག་གླིང་ཕྲན་འཛུགས་སྐྲུན་དེ་དགོས་ངེས་ཀྱི་དམག་དོན་འགོག་སྲུང་དགོས་མཁོ་སྐོང་བ་ཕུད། དེ་བས་མང་ཆེ་བ་ཞིག་ནི་དམངས་དོན་གྱི་དགོས་མཁོ་ཁག་ལ་ཞབས་འདེགས་ཞུས་ནས་མཚོ་ཐོག་འཚོལ་སྐྱོབ་དང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། རྒྱ་མཚོའི་ཚན་ཞིབ། གནམ་གཤིས་ལྟ་ཞིབ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། མཚོ་སྐྱོད་བདེ་འཇགས། ཉ་ལས་ཐོན་སྐྱེད་ཞབས་ཞུ་སོགས་ཀྱི་ཐད་ཀྲུང་གོས་འཁུར་བའི་རྒྱལ་སྤྱིའི་འགན་འཁྲི་དང་འོས་འགན་དེ་བས་ལེགས་པ་སྒྲུབ་ཆེད་རེད། ས་རྒྱོང་སྐམ་བཟོ་ལེགས་སྒྲུབ་བྱུང་རྗེས་དུས་མཚམས་རྗེས་མར་འབྲེལ་ཡོད་ནུས་པ་སྐོང་བའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།
          ཁོང་གིས་ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་དང་ཁྱིམ་མཚེས་རྒྱལ་ཁབ་ལ་ཕན་འདོགས་པ་དང་ཁྱིམ་མཚེས་རྒྱལ་ཁབ་དང་འཆམ་མཐུན་བྱེད་པའི་མཐའ་འཁོར་ཕྱི་འབྲེལ་སྲིད་ཇུས་མཐའ་འཁྱོངས་བྱས་ནས་སྔ་ཕྱི་བར་གསུམ་དུ་འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་ལག་ལེན་བསྟར་བ་དང་སྔ་ཕྱི་བར་གསུམ་དུ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་བརྟན་པོ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་མཐའ་འཁྱོངས་མཐའ་གཅིག་ཏུ་བྱེད་པ་དང་ཆབས་ཅིག་ཐད་ཀར་འབྲེལ་བ་ཡོད་པའི་དོ་བདག་རྒྱལ་ཁབ་དང་མཉམ་དུ་ལོ་རྒྱུས་ཀྱི་དོན་དངོས་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་རྒྱལ་སྤྱིའི་བཅའ་ཁྲིམས་ལ་གཞིགས་ཏེ་གྲོལ་མོལ་བརྒྱུད་འབྲེལ་ཡོད་རྩོད་གཞི་ཐག་གཅོད་བྱ་རྒྱུར་གཞོལ་བ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་《ལྷོ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ་》ཁྱོན་ཡོངས་དང་སྒོ་ཀུན་ནས་དོན་འཁྱོལ་བྱེད་པའི་གཞི་སྒྲོམ་འོག“ལྷོ་མཚོའི་བྱ་སྤྱོད་ཚད་གཞི”གྲོས་བསྡུར་གྱི་འཕེལ་རིམ་ལ་སྐུལ་མ་ཧུར་ཐག་གཏོང་རྒྱུར་གཞོལ་བ། ལྷོ་མཚོའི་མཚོ་སྐྱོད་རང་དབང་སྲུང་སྐྱོང་བྱ་རྒྱུར་གཞོལ་བ། ལྷོ་མཚོའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་གཞོལ་བ་བཅས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།