འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བདེ་ཆེན་ཁུལ་རྡོ་མཁར་རྫོང་གནའ་གྲོང་གི་གྲོང་མིའི་སྡོད་ཁང་སླར་གསོ་བསྐྱར་སྐྲུན་
    ལས་དོན་བརྟན་པོའི་ངང་སྤེལ་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་18ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཡུན་ནན་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས་གསར་འགོད་པས་རྡོ་མཁར་རྫོང་གནའ་གྲོང་སླར་གསོ་བསྐྱར་སྐྲུན་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར། རྡོ་མཁར་རྫོང་གནའ་གྲོང་གི་གྲོང་མིའི་སྡོད་ཁང་སླར་གསོ་བསྐྱར་སྐྲུན་ལས་དོན་བརྟན་པོའི་ངང་སྤེལ་བཞིན་ཡོད་པ་རེད།
          གསར་འགོད་པས་རྡོ་མཁར་རྫོང་གནའ་གྲོང་ནས་མཐོང་བར་མེ་སྐྱོན་ཕོག་ཁུལ་གྱི་གྲོང་མིའི་སྡོད་ཁང་བརྒྱ་ཆ་དགུ་བཅུ་ཡན་སྐྲུན་འགོ་ཚུགས་པ་མ་ཟད། ཁང་པ་མང་དག་ཅིག་གི་སྒྲོམ་གཞི་གཙོ་བོ་སྐྲུན་ཟིན་པ་དང་ཁང་པའི་ནང་མཛེས་བཟོ་བྱས་ཟིན་ནས་གཅིག་རྗེས་གཉིས་མཐུད་ངང་ལས་གཉེར་བྱེད་འགོ་ཚུགས་ཡོད་པ་རེད། སླར་གསོ་བསྐྱར་སྐྲུན་གཞུང་ལས་ཁང་གི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། བསྐྱར་སྐྲུན་སྐབས་ལྷག་པའི་ས་ཆའི་རྩོད་གླེང་གི་གནད་དོན་ད་ལྟ་སྤྱིར་ན་ཐག་གཅོད་བྱས་ཟིན་པ་དང་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཁག་གི་འཕེལ་རིམ་བདེ་བླག་བྱུང་བས་ཕན་འབྲས་རགས་ཙམ་ཐོན་ཡོད། དེ་དང་དུས་མཚུངས་སླར་གསོ་བསྐྱར་སྐྲུན་གཞུང་ལས་ཁང་གིས་ནན་ཏན་ངང་འཛུགས་སྐྲུན་གྱི་ཚོད་འཛིན་རང་བཞིན་འཆར་འགོད་ཀྱི་འབྲེལ་ཡོད་བླང་བྱ་ལྟར་སླར་གསོ་བསྐྱར་སྐྲུན་བྱེད་བཞིན་པའི་གྲོང་མིའི་སྡོད་ཁང་གི་རྒྱུ་ཆ་དང་ཁང་པའི་མཐོ་ཚད་ཚོད་འཛིན་ལ་ལྟ་སྐུལ་ཡག་པོ་བྱ་རྒྱུ་ཡིན་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོའི་ཟླ་8ཚེས་25ཉིན་གྲོང་མིའི་སྡོད་ཁང་སླར་གསོ་བསྐྱར་སྐྲུན་ལས་དོན་དངོས་སུ་སྤེལ་འགོ་ཚུགས་ཤིང་། མིག་སྔའི་བར་གནོད་སྐྱོན་ཆུང་ཙམ་ཕོག་པའི་དུད་ཚང་ཁྲོད་ནས་དུད་ཚང་26གིས་རང་ཉིད་ཀྱིས་ཉམས་གསོ་བྱས་པ་དང་། གནོད་སྐྱོན་ཕོག་པའི་དུད་ཚང་ཁག་གཅིག་གི་སླར་གསོ་བསྐྱར་སྐྲུན་བྱེད་ཚད་དུད་ཚང་68ཟིན་པ། རྦད་དེ་མེ་སྲེག་ཐེབས་པ་དང་བདེ་འཇགས་ངང་བཤིག་པའི་དུད་ཚང་152ཁྲོད་ནས་དུད་ཚང་133སྐྲུན་འགོ་ཚུགས་པ། གནོད་འཚེ་ཕོག་པའི་ལས་ཁུངས་གཉིས་དང་སྤྱི་པའི་གསང་སྤྱོད་གཅིག་སླར་གསོ་བསྐྱར་སྐྲུན་བྱེད་འགོ་ཚུགས་ཡོད་པ་རེད། དུད་ཚང་19ད་དུང་ལས་འགོ་བཙུགས་པ་དང་བསམ་བློའི་སློབ་གསོ་ཡང་ཡང་བརྒྱབ་པ་བརྒྱུད་དེའི་ཁྲོད་ཀྱི་དུད་ཚང་15ཡིས་ཉེ་ཆར་ལས་འགོ་འཛུགས་རྒྱུའི་མོས་མཐུན་བྱས་པ་དང་དུད་ཚང་4ཡི་ཁང་བདག་ལ་ནད་གཞི་ཕོག་པ་དང་ཕྱིར་བསྐྱོད་པ་སོགས་ཀྱིས་རྐྱེན་པས་སླར་གསོ་བསྐྱར་སྐྲུན་བྱ་རྒྱུའི་དུས་ཚོད་གཏན་འཁེལ་བྱུང་མེད་པ་རེད།
          གནའ་གྲོང་གི་རླངས་འཁོར་འཇོག་སའི་ལམ་རྒྱུད་ནས་སྐྱོད་སྐབས་གནའ་གྲོང་གི་ལྟེ་བའི་ཁུལ་གང་སར་ཚ་ཚ་འུར་འུར་དང་འཁྲུག་ཆ་དོད་པའི་རྣམ་པས་ཁེངས། བསྐྱར་སྐྲུན་དུད་ཚང་ཁག་གཅིག་གིས་བྲེལ་བརྩོན་ངང་ཨར་ལས་རྒྱུ་ཆ་དབོར་བ་དང་ཁག་གཅིག་གིས་ཁང་པ་མཛེས་བཟོ་བྱེད་བཞིན་ཡོད་པ་དང་སྡོད་ཁང་ཕལ་ཆེ་བ་ཐོག་མའི་བཟོ་བཀོད་ཀྱི་རྣམ་པ་ལྟར་བསྐྲུན་ཡོད་པ་རེད། གསེར་དངུལ་ལས་སྣོན་ཚོང་ཁང་དང་། ཁྱད་ལྡན་ཐོན་རྫས་ཚོང་ཁང་། བོད་མི་རིགས་ཀྱི་རྒྱན་གོས་ཚོང་ཁང་མི་ཉུང་བ་ཞིག་རིམ་བཞིན་ལས་གཉེར་བྱེད་འགོ་ཚུགས་པ་དང་འདི་ལོའི་ལོ་མཇུག་ཏུ་གནའ་གྲོང་དེས་རྣམ་པ་གསར་རྐྱང་གི་ཐོག་ནས་སྐུ་མགྲོན་རྣམས་ལ་བསུ་བ་ཞུ་ཐུབ་རེ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།