འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།《བཀའ་བསྟན་འགྱུར》ནང་གི་ཆོས་ཚིག་ཕྱོགས་གཅིག་ཏུ་བསྡེབས་པའི་སྐད་བཞི་ཤན་
    སྦྱར་གྱི་བྱེ་བྲག་རྟོག་བྱེད་དཔེ་སྐྲུན་བྱས་ནས་དེའི་སྟོང་ཆ་བསྐངས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་13ཉིན། 11:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་སློབ་ཆེན་གྱི་རིག་གཞུང་སློབ་གླིང་གི་དགེ་རྒན་བོད་རིག་པའི་ཞིབ་འཇུག་པ་བུ་ཆུང་ཚེ་རིང་གིས་བསྒྲིགས་གནང་བའི་《བོད་སཾ་དབྱིན་རྒྱ་སྐད་བཞི་ཤན་སྦྱར་གྱི་བྱེ་བྲག་རྟོག་བྱེད་》ཉེ་ཆར་དཔེ་སྐྲུན་བྱས་པ་རེད། དེ་ནི་སློབ་གསོ་པུའི་རིག་གནས་དང་། སྤྱི་ཚོགས། ཚན་རིག་བཅས་གཙོ་གནད་ཞིབ་འཇུག་ལྟེ་གནས་ཀྱི་རྣམ་གྲངས་གལ་ཆེན་ཞིག་ཡིན་པས་འཛམ་གླིང་དུ་བོད་རིག་པ་དང་ནང་རིག་པ་ཞིབ་འཇུག་བྱ་རྒྱུར་དེའི་ཐད་ཀྱི་སྟོང་ཆ་བསྐངས་ཡོད།
         བྱེ་བྲག་རྟོག་བྱེད་ཅེས་པ་ནི་བོད་ཀྱི་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་《བཀའ་བསྟན་འགྱུར་》ཁྲོད་དུ་བཞུགས་པའི་པོ་ཏི་ཞིག་ཡིན། དེའི་མ་དཔེ་ནི་《བཀའ་བསྟན་འགྱུར་》ཁྲོད་ཀྱི་ཆོས་ཚིག་དང་ཚད་མའི་བརྡ་ཆད་ལེགས་སྦྱར་སྐད་དང་བོད་སྐད་ཤན་སྦྱར་ཐོག་ནས་ཐ་སྙད་ལ་འགྲེལ་པ་བསྐྱོན་ཡོད་པ་མ་ཟད། ནང་ཆོས་ཀྱི་བྱུང་བ་དང་འབྲེལ་བའི་རྒྱ་གར་གྱི་ཡུལ་དང་། རི། ཆུ། མེ་ཏོག་གི་མིང་སོགས་རང་བྱུང་ཚན་རིག་སྐོར་གྱི་ཐ་སྙད་དང་དེ་བཞིན་རྒྱ་གར་གྱི་གནའ་བོའི་ཚད་མ་རིག་པའི་མཁས་དབང་སོགས་ཀྱིས་འགྲེལ་པ་མཛད་པའི་གཞུང་ཐོ་རུ་བཀོད་པ་ཕྱོགས་གཅིག་ཏུ་བསྡེབས་པ་ཞིག་ཡིན་ཞིང་དེ་དུས་རབས་བརྒྱད་པའི་ཡས་མས་ཙམ་ལ་བྱུང་ཡོད།
         ནོར་ཝེ་ཡི་ཨ་སི་ལོ་སློབ་ཆེན་གྱི་ཨེ་ཤེ་ཡའི་སྐད་ཀྱི་སློབ་གླིང་གི་འབུམ་རམས་པ་ཐོན་པའི་བུ་ཆུང་ཚེ་རིང་གིས་ངོ་སྤྲོད་གནང་བ་ལྟར་ན། 《བོད་སཾ་དབྱིན་རྒྱ་སྐད་བཞི་ཤན་སྦྱར་གྱི་བྱེ་བྲག་རྟོག་བྱེད་》སྒྲིག་སྐབས། 《བཀའ་བསྟན་འགྱུར་》ནང་གི་བྱེ་བྲག་རྟོག་བྱེད་བསྒྲིགས་པའི་ཐ་སྙད་ཀྱི་གོ་རིམ་དང་ས་བཅད་རིགས་དབྱེ་སྟངས་ལ་གཞི་བཅོལ་བའི་ཁར་སྐད་རིགས་བཞིར་ནོར་འཛོལ་མེད་པ་བྱས་པ་ཕུད། ཐ་སྙད་སོ་སོའི་བོད་སྐད་ཀྱི་སྐད་དོད་ལ་ཏིང་སྒྲ་དང་ལེགས་སྦྱར་གྱི་སྐད་དོད་ལ་ཏིང་སྒྲར་གཙོ་གནད་དུ་ཕབ་པས། དེ་ཉིད་འཛམ་གླིང་དུ་སྐད་བཞིའི་ཤན་སྦྱར་ཐོག་རྒྱལ་སྤྱིར་ཚད་ལྡན་རྒྱུན་སྤྱོད་ཀྱི་ལ་ཏིང་སྒྲར་ཕབ་པའི་བྱེ་བྲག་རྟོག་བྱེད་ཐོག་མ་དེར་གྱུར་ཡོད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།