འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་བོད་ཡིག་དེབ་བཏོན་ནས་ལོ་30ལྷག་ཙམ་རིང་སྲོལ་རྒྱུན་དང་དེང་
    རབས་ཟུང་འབྲེལ་གྱིས་འཕེལ་རྒྱས་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་20ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།“མཚོ་སྔོན་གྱིས་བོད་ཡིག་དེབ་བཏོན་ནས་ད་བར་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་། དཔེ་རྙིང་། ཆོས་ལུགས་སོགས་ཁྱབ་ཁོངས་མང་པོའི་དཔེ་ཆ་སྔོག་འདོན་དང་ལེགས་སྒྲིག་བྱས་པའི་ཁར། དེང་རབས་ཀྱི་འཛམ་གླིང་ཤར་ནུབ་ཀྱི་ཤེས་དཔལ་སྐོར་གྱི་རྩོམ་ཡིག་བསྒྱུར་བ་དང་དཔེ་སྐྲུན་བྱས་པར་བོད་ཡིག་དེབ་ཀྱི་ཁྲོམ་རའི་བྲིན་ཚོང་ཡག་པོ་ཡོད”ཅེས་ཉེ་ཆར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་ཁང་གི་འགན་འཁུར་བས་དེ་ལྟར་བཤད།
         མཚོ་སྔོན་བོད་ཡིག་དེབ་དཔེ་སྐྲུན་འགན་འཁུར་མཁན་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནི་ཞིང་ཆེན་དེའི་མི་རིགས་ཀྱི་ཡི་གེ་གཙོ་བོར་བྱས་པའི་སྤྱི་ཕན་ཕྱོགས་བསྡུས་ཀྱི་དཔེ་སྐྲུན་ཚན་པ་གཅིག་པུ་ཡིན་པ་དེ་ 1976ལོའི་ཟླ་6པར་སྒོ་བྱང་བཀལ་ནས་བཙུགས་པ་ཞིག་རེད།
         ལོ་30ལྷག་ཙམ་རིང་མཚོ་སྔོན་གྱིས་《དམུ་དགེ་བསམ་གཏན་གྱི་གསུང་རྩོམ་ཕྱོགས་བསྒྲིགས་》དང་།《དག་ཡིག་གསར་བསྒྲིགས》《བོད་ཀྱི་རྩོམ་རིག་ལོ་རྒྱུས་》སོགས་དཔེ་ཆ་སྤུས་དག་ཇི་སྙེད་ཅིག་སྔ་རྗེས་སུ་བཏོན་ཡོད།
         ད་ཆ་བོད་ཡིག་ལམ་ནས་བཏོན་ཞིང་ཀྲུང་གོའི་ཕྱོགས་བསྡུས་ཀྱི་བོད་ཡིག་རྩོམ་རིག་དུས་དེབ་གཅིག་པུ་ཡིན་པའི་མཚོ་སྔོན་གྱི་《སྦྲང་ཆར་》དང་། ཀྲུང་གོའི་བོད་ཡིག་གི་ལོ་ཆུང་ཚགས་པར་གཅིག་པུ《གངས་རྒྱན་ན་ཆུང་ཚགས་པར》གཉིས་པོ་1981དང་1989ལོ་སོ་སོར་གཉེར་བ་ལས།《གངས་རྒྱན་ན་ཆུང་ཚགས་པར་》གྱིས་བོད་རིགས་ལོ་ཆུང་བྱིས་པར་ཚན་རིག་གི་རིག་གནས་ཤེས་བྱ་ཕུན་སུམ་ཚོགས་སུ་གཏོང་བར་ལེགས་སྐྱེས་ཕུལ་བར་བརྟེན་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོས་བསྔགས་བརྗོད་ཆེན་པོ་གནང་ཡོད།
         བོད་ཀྱི་དཔེ་ཆ་སྤུས་དག་གཏོད་ཆེད་ཉེ་ཆར་མཚོ་སྔོན་གྱིས་ཀྲུང་གོའི་རྒྱལ་ཁབ་ཀྱི་མི་རིགས་ཡི་གེའི་དཔེ་སྐྲུན་ཆེད་དངུལ་རོགས་སྐྱོར་རྣམ་གྲངས་《ཞིང་འབྲོག་པའི་ཁྲིམས་ལུགས་ཞབས་ཞུའི་ཕྱོགས་སྟོན་དཔེ་ཚོགས་》དང་།《དམངས་ཕན་དེབ་མཛོད》《བྱང་ཐང་རིག་གནས་མུ་འབྲེལ་དཔེ་ཚོགས》《དུས་རབས་ཉེར་གཅིག་པའི་བོད་རིགས་རྩོམ་པ་པོའི་དཔེ་ཚོགས》《གསར་དུ་བསྒྲིགས་པའི་དྲི་བ་ཁྲི་བཅུ》《བོད་རིགས་ལོ་ཆུང་གི་ཤེས་བྱའི་བང་མཛོད》《བོད་རྒྱ་སྐད་གཉིས་ཀྱི་ཤེས་བྱའི་རྨོངས་པ་སེལ་བའི་དཔེ་ཚོགས་》སོགས་ཀྱི་རྩོམ་འབྲི་དང་དཔེ་སྐྲུན་གྱི་འགན་འཁུར་ཡོད།
         གྲངས་འཛིན་དཔེ་སྐྲུན་འཕེལ་རྒྱས་མྱུར་པོ་བྱུང་བ་དང་དཔེ་སྐྲུན་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་ཏུ་སོང་བ་དང་སྦྲགས། གློག་རྡུལ་དཔེ་ཆ་དང་སྒྲ་ལྡན་དཔེ་དེབ་འཕེལ་རྒྱས་འགྲོ་ཕྱོགས་གསར་པར་གྱུར་ནས་2013ལོ་ནས་བཟུང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་གློག་རྡུལ་གྱི་དེབ་བཟོ་འགོ་བརྩམས་ཤིང་། ད་བར་གློག་རྡུལ་གྱི་དེབ་སྣ་ཁ་68བཟོས་པ་དང་། སློབ་ཆུང་དང་དམའ་རིམ་སློབ་འབྲིང་གི་སྒྲ་ལྡན་བོད་ཡིག་ཀློག་དེབ་སྣ་ཁ་9ལེགས་གྲུབ་བྱས་པ་མ་ཟད། 2015ལོར་རང་བརྟེན་ཇུས་འགོད་བྱས་པའི་སྒྲ་ལྡན་དེབ་ཐོན་བཟོ་ཡོད་པ་རེད།
         “བོད་ཡིག་དེབ་འདོན་རྒྱུའི་ཐད་སྲོལ་རྒྱུན་དང་དེང་རབས་ཟུང་དུ་སྦྲེལ་བས་མི་རིགས་ཀྱི་རིག་གནས་ཀྱི་རྒྱུན་མི་ཉམས་པ་དང་ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲགས་སློབ་གསོའི་ནུས་པའང་ཐོན་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་བོད་ཀྱི་རིག་གནས་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་རྒྱུར་ནུས་པ་ཆེན་པོ་ཐོན་ཡོད”ཅེས་འགན་འཁུར་བས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།