འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་སྟོང་བསམ་དོར་ནས་དངོས་ཡོད་ལ་མཐོང་ཆེན་
    དང་། ནོར་འཁྲུལ་ཡོ་བསྲང་བྱ་རྒྱུའི་རེ་བ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་20ཉིན། 09:13】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་4ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་བཏོན་པའི་<<བོད་འཕེལ་རྒྱས་འགྲོ་ལམ་གྱི་ལོ་རྒྱུས་གདམ་ག་>>ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་། ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་སྟོང་བསམ་དོར་ནས་དངོས་ཡོད་ལ་མཐོང་ཆེན་དང་། ནོར་འཁྲུལ་ཡོ་བསྲང་བྱེད་པ་དང་། དངོས་ཡོད་དང་མཐུན་ལ་བློ་རིག་ལྡན་པའི་འགྲོ་ལམ་གདམ་ག་བྱས་ཏེ་ཕྱི་རྒྱལ་དུ་ཡུལ་གྱར་སོང་བའི་བོད་རིགས་སྤུན་ཟླའི་ཆེད་དུ་དགེ་མཚན་ལྡན་པའི་བྱ་བ་བསྒྲུབ་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད།
         རྒྱབ་ཤ་དཀར་པོའི་དེབ་ལ་གཞིགས་ན། 1979ལོ་ནས་བཟུང་ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཕྱོགས་ཀྱི་རེ་འདུན་ལྟར་དུས་ངེས་མེད་དུ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་སྒེར་གྱི་འཐུས་མི་དང་ཐུག་འཕྲད་གྲོས་མོལ་བྱེད་འགོ་བཙུགས་ཡོད། 1979ལོ་ནས་2002ལོའི་བར་ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་སྒེར་གྱི་འཐུས་མིར་སྣེ་ལེན་ཐེངས་13བྱས་པ་དང་། 2002ལོ་ནས་2010ལོའི་ཟླ་དང་པོ་བར་ཁོང་ཚོ་རྒྱལ་ཁབ་ཏུ་ལོག་རྒྱུའི་མོས་མཐུན་ཐེངས་བཅུ་བྱས་ཡོད། འོན་ཀྱང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཀྲུང་དབྱང་གི་རེ་བ་ཆུད་ཟོས་ཡང་ཡང་བཏང་ནས་ཀྲུང་གོའི་རྩ་ཁྲིམས་ལས་འགལ་བ་དང་། དོན་དངོས་ཐོག་མེས་རྒྱལ་ཁ་ཕྲལ་གཏོང་བའི་འདོད་ཚུལ་ལྡན་པའི“དབུ་མའི་ལམ”མཐའ་འཁྱོངས་བྱེད་པ་མ་ཟད། པེ་ཅིང་ཨོ་རྩལ་འགྲན་ཚོགས་ལ་དྲག་ཤུགས་ཀྱི་འགོག་རྐྱེན་བཟོས་པ་དང་། ལྷ་སའི“3•14”དོན་རྐྱེན། རང་སྲེག་གི་དོན་རྐྱེན་སོགས་གཏོར་བཤིག་གི་བྱེད་སྤྱོད་སྤེལ་བ་རེད། 2011ལོར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆབ་སྲིད་ཀྱི“ལས་འཁྱུར་ངལ་གསོ”རྒྱག་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་དབྱང་སྲིད་གཞུང་དང་འབྲེལ་གཏུག་བྱེད་མཁན་མི་སྒེར་གྱི་འཐུས་མིས་ཀྱང་ཡུན་རིང་མ་སོང་བར་དགོངས་ཞུ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། དེ་རྗེས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“སྲིད་གཞུང”ཟེར་བའི་མིང་ཐོག་ནས་ཀྲུང་དབྱང་སྲིད་གཞུང་དང་གྲོས་མོལ་བྱ་རྒྱུ་ཡིན་ཞེས་མངོན་སུམ་འཛེམ་མེད་ངང་བཤད་དེ་འབྲེལ་གཏུག་གྲོས་མོལ་གྱི་རྨང་གཞིར་མངོན་སུམ་འཛེམ་མེད་ངང་གཏོར་བཤིག་བཏང་ནས་འབྲེལ་གཏུག་གྲོས་མོལ་བྱེད་ཐབས་བྲལ་བ་བཟོས་ཡོད།
         ལོ་30ལྷག་ཙམ་རིང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་དུས་བབ་འགྱུར་ལྡོག་བྱུང་བར་གཞིགས་ནས་ཐབས་ཇུས་ལ་རྒྱུན་ཆད་མེད་པར་འགྱུར་ལྡོག་བཏང་བ་དང་ལེགས་སྒྲིག་བྱས་ཏེ་ཀྲུང་དབྱང་དང་འབྲེལ་གཏུག་གྲོས་མོལ་བྱ་རྒྱུ་ཐེངས་ཁ་ཤས་རང་དགར་མཚམས་འཇོག་བྱས་པ་རེད། ཁོ་པ་ཚོས་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ཁོ་པ་ཚོར་ཕན་པ་མེད་སྙམ་སྐབས་ཀྲུང་དབྱང་དང་འབྲེལ་གཏུག་བྱ་རྒྱུའི་རེ་བ་བཏོན་ཞིང་། རྒྱལ་ཁབ་ཕྱི་ནང་གི་དུས་བབ་ཁོ་པ་ཚོར་ཕན་པ་ཡོད་སྙམ་སྐབས་ཀྲུང་དབྱང་དང་འབྲེལ་གཏུག་བྱེད་མཚམས་འཇོག་གི་ཡོད། འབྲེལ་གཏུག་བྱེད་པའི་བརྒྱུད་རིམ་ནང་དུའང་ཁོ་པ་ཚོས“བོད་རང་བཙན”ལ་དམིགས་ནས་ཡིན་ཚེ་མིན་ཚེ་བྱེད་པ་དང་རྒྱལ་ཁབ་ཕྱི་ནང་དུ་མེས་རྒྱལ་ཁ་ཕྲལ་གྱི་བྱེད་སྤྱོད་སྔ་ཕྱི་བར་གསུམ་དུ་སྤེལ་མཚམས་བཞག་མེད།
         རྒྱབ་ཤ་དཀར་པོའི་དེབ་ནང་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས“ཀྲུང་དབྱང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་རང་ཉིད་ལ་འཛིན་པའི་སྲིད་ཇུས་ནི་སྔར་ནས་ད་བར་གསལ་པོ་ཡིན། ཏཱ་ལས་བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཞེས་ཡོངས་བསྒྲགས་ངང་གསལ་བསྒྲགས་སྤེལ་བ་དང‘བོད་རང་བཙན’གྱི་ལངས་ཕྱོགས་དོར་ནས་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་སྤེལ་མཚམས་བཞག་ཚེ་ཀྲུང་དབྱང་དབར་གྱི་འབྲེལ་བ་ལེགས་སུ་གཏོང་རྒྱུ་གཞི་ནས་གླེང་ཆོག”ཅེས་སླར་ཡང་བསྐྱར་བསྒྲགས་གནང་བ་རེད། ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་ཚེ་མཇུག་ཏུ་སྟོང་བསམ་དོར་ནས་དངོས་ཡོད་ལ་མཐོང་ཆེན་དང་།ནོར་འཁྲུལ་ཡོ་བསྲང་། འགྲོ་ལམ་གདམ་ག་བྱས་ཏེ་ཕྱི་རྒྱལ་དུ་ཡུལ་གྱར་སོང་བའི་བོད་རིགས་སྤུན་ཟླའི་ཆེད་དུ་དགེ་མཚན་ལྡན་པའི་བྱ་བ་བསྒྲུབ་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད།

      

    ཕྱོགས་བསྡུས་གསར་འགྱུར།