འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་56འཁོར་བར་དྲན་གསོ་
    ཞུ་བའི་བརྙན་འཕྲིན་གསུང་བཤད།

    2015ལོའི་ཟླ་3ཚེས་27ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་29ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་56འཁོར་བར་དྲན་གསོ་
ཞུ་བའི་བརྙན་འཕྲིན་གསུང་བཤད།
         བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ་ཚོ།
         ཟླ་3ཚེས་28ཉིན་ནི་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཡིན་ཞིང་། དེ་ནི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། ད་ཆར་གཅེས་སྤྲས། འབྱུང་འགྱུར་གཏོད་པ་བཅས་ཡིན་པ་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ནམ་ཡང་དྲན་གསོ་བྱེད་རིན་ཡོད་པའི་རླབས་ཆེན་གྱི་དུས་ཆེན་ཞིག་ཡིན།
         བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མགོ་རྟིང་སློག་པ་དང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡོངས་སུ་བཅིངས་འགྲོལ་བཏང་བ་དེ་ནི་བོད་ལྗོངས་ཀྱི་སྤྱི་ཚོགས་དང་ལོ་རྒྱུས་འཕེལ་རྒྱས་ཀྱི་ལྡོག་མེད་ཅིག་ཡིན། འཛམ་གླིང་གི་ཁྱབ་ཁོངས་ནང་ལའང་གལ་ཆེའི་ཆབ་སྲིད་ཀྱི་དོན་སྙིང་དང་། སྤྱི་ཚོགས་ཀྱི་དོན་སྙིང་། འགྲོ་བ་མིའི་ཐོབ་ཐང་གི་དོན་སྙིང་བཅས་ལྡན་ཡོད།
         ལོ་རྒྱུས་བརྗེད་མི་རུང་། ལོ་56གི་གོང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་བྱེད་གཏེ་བྱས་པའི་ཁ་ཕྲལ་རིང་ལུགས་ཚོགས་པས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་ནས་བོད་ལྗོངས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལ“ནམ་ཡང་འགྱུར་ལྡོག་མི་གཏོང་བའི”རེ་ངན་བཅངས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཞིང་བྲན་ལ་བཅིངས་འགྲོལ་གཏོང་རྒྱུ་དམིགས་ཡུལ་གཙོ་བོ་བྱས་པའི་མང་ཚོགས་རང་བཞིན་གྱི་དམངས་གཙོའི་བཅོས་སྒྱུར་གྱི་ལས་འགུལ་སྤེལ་ཏེ་ཟིང་འཁྲུག་འཕྲལ་དུ་ཞོད་འཇགས་བཏང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོས་པས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་ཚེ་སྲོག་གསར་པ་ཐོབ་སྟེ་བོད་ལྗོངས་ཀྱི་ལོ་རྒྱུས་ཀྱི་དུས་རབས་གསར་པ་འགོ་ཚུགས་ཡོད།
         ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱས་ཚེ་གཞི་ནས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དར་རྒྱས་ཡར་ཐོན་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་སྲིད་པ་ལོ་རྒྱུས་ཀྱི་ཐོག་ནས་རྩོད་ཐབས་བྲལ་བའི་ངང་ར་སྤྲོད་བྱུང་ཡོད། བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་དུས་རབས་ཕྱེད་ཀ་ལྷག་ཙམ་འདས་ཟིན་ཞིང་། མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་པོ་ནས་འབྱོར་ཕྱུག སྒེར་གཅོད་ནས་དམངས་གཙོ། བཀག་སྡོམ་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་བསྐྱོད་ནས་དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད།
         དོན་དངོས་ཀྱིས་ང་ཚོར་ར་སྤྲོད་བྱས་དོན། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དམིགས་བསལ་དབང་ཆ་སླར་གསོ་བྱེད་པའི་ལྐོག་གཡོ་དོར་མེད་ལ་དུས་དང་རྣམ་པ་ཀུན་ཏུ་བོད་ལ་སིམ་འཛུལ་དང་། འགལ་རྐྱེན། གཏོར་བཤིག་བཅས་ཀྱི་བྱེད་སྤྱོད་སྤེལ་མཚམས་བཞག་མེད། དེ་ནི་ཡར་ཐོན་དང་ཕྱིར་བཤོལ་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་། སྤྱི་ཚོགས་དྲང་བདེན་གྱི་ཁྲིམས་སྲོལ་སྲུང་སྐྱོང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་སྲུང་སྐྱོང་བཅས་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་འཐབ་རྩོད་ཅིག་ཡིན།
         ལོ་རྒྱུས་ཀྱི་དོན་དམ་ལ་གཡོ་བཅོས་བྱེད་མི་རུང་བ་དང་། མི་དམངས་ཀྱི་ཁེ་ཕན་ལ་རྡོག་རོལ་གཏོང་མི་རུང་བ། དམངས་གཙོ་ཁྲིམས་སྐྱོང་ལ་གཏོར་བཤིག་གཏོང་མི་རུང་བ། མེས་རྒྱལ་གཅིག་གྱུར་ལ་གནོད་འཚེ་གཏོང་མི་རུང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་མ་རུངས་ཁོག་བཅུག་ག་ཚོད་བྱས་རུང་། དམངས་གཙོའི་བཅོས་སྒྱུར་གྱི་གྲུབ་འབྲས་རང་རྟོགས་ངང་སྲུང་སྐྱོང་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་པ་བཅས་ཀྱི་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བློ་སྟོབས་བརྟན་པོར་འགྱུར་ལྡོག་ཡོང་མི་སྲིད།
         བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པར་དྲན་གསོ་ཞུ་བའི་རླབས་ཆེན་གྱི་དུས་ཆེན་དེར་ང་ཚོས་ལོ་རྒྱུས་སེམས་ལ་བརྟན་པོར་ངེས་པ་དང་། དངོས་ཡོད་ལ་ཡིད་ཆེས་ཀྱིས་ཁེངས་པ། འབྱུང་འགྱུར་ལ་ཆོད་སེམས་ལྡན་དགོས། ད་ཆའི་བོད་དུ་རྒྱལ་སྲིད་དར་ཞིང་མི་སེམས་མཐུན་པ་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་ཡར་ཐོན། མི་རིགས་མཐུན་སྒྲིལ། མཐའ་སྲུང་སྲ་བརྟན། ཆོས་ལུགས་འཆམ་མཐུན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཡོད་པས་མི་རིགས་ཁག་གི་མི་དམངས་ཀྱི་སེམས་པ་ཏང་དང་མེས་རྒྱལ་ལ་ཕྱོགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་ཐུན་མོང་ཐོག་འཛུགས་སྐྲུན་དང་སྲུང་སྐྱོང་བྱེད་བཞིན་ཡོད། 2020ལོར་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ཐད་ཡིད་ཆེས་ཀྱིས་ཁེངས་པ་དང་རེ་བ་ཆེན་པོ་བྱེད་ཀྱི་ཡོད།
         ང་ཚོ་རླབས་ཆེན་གྱི་དུས་རབས་སུ་སླེབས་བཞིན་ཡོད། 2015ལོ་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་ལོ་ཞིག་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགག་རྩའི་ལོ་ཞིག ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ལ་སྐུལ་འདེད་གཏོང་བའི་འགོ་ཚུགས་ཀྱི་ལོ་ཞིག་བཅས་ཡིན་ལ“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་པའི་མཇུག་བསྡུའི་ལོ་ཞིག་ཀྱང་ཡིན། དེ་ནི་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། མི་སེམས་ལ་སྐུལ་ལྕག་ཐེབས་པ། རེ་བས་ཁེངས་པ། མདུན་ལམ་མཛེས་སྡུག་ལྡན་པ་བཅས་ཀྱི་དུས་རབས་ཤིག་དང་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་ཡིས་མུ་མཐུད་རང་ཉིད་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པའི་དུས་རབས་ཤིག་ཡིན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་བརྗིད་ཆེའི་དམིགས་ཚད་ནི་ཐོབ་པར་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་ཤིག་ཡིན་ལ་རླབས་ཆེན་གྱི་ལོ་རྒྱུས་ཀྱི་ལས་འགན་ཞིག་དེ་བས་ཡིན།
         ང་ཚོས་ངེས་པར་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ཀྱི་འཐས་ཇུས་བཀོད་སྒྲིག་ལ་གཞིགས་ནས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་གྱི་ཁྲིད་སྟོན་འོག་ཆུ་འཐུང་དུས་ཆུ་ཁུངས་དྲན་པ་དང་། ཡུན་རིང་སོང་ཡང་གསོན་ཤུགས་ཀྱིས་ཁེངས་པ། བློ་བརྟན་འགྱུར་མེད་བཅས་བྱས་ཏེ་དམངས་གཙོའི་བཅོས་སྒྱུར་གྱི་གྲུབ་འབྲས་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པའི་རླབས་ཆེན་དོན་སྙིང་བློ་ལ་བརྟན་པོར་ངེས་པ། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་དེ་བས་འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་དང་ལེགས་སྐྱེས་ཧུར་ཐག་ཕུལ་ཏེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་ཡོང་བ་བྱེད་དགོས།
         རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བདེ། བོད་ལྗོངས་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་བཅས་ཡོང་བའི་སྨོན་འདུན་ཞུ།
      

    ཕྱོགས་བསྡུས་གསར་འགྱུར།