འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱིས་ལས་ཀའི་བྱེད་ཐབས་བཏོད་པ་དང་། དམངས་འཚོ་ལེགས་སུ་ཧུར་ཐག་
    བཏང་བ། མི་རིགས་ཞི་མཐུན་ལ་སྐུལ་འདེད་བཏང་བ་བཅས་བྱས་པར་བརྟེན།
    ས་མཐོར་མཐུན་སྒྲིལ་གྱི་མེ་ཏོག་བཞད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་25ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་རང་སྐྱོང་ལྗོངས་ཀྱིས་ལས་ཀའི་བྱེད་ཐབས་བཏོད་པ་དང་། དམངས་འཚོ་ལེགས་སུ་ཧུར་ཐག་
བཏང་བ། མི་རིགས་ཞི་མཐུན་ལ་སྐུལ་འདེད་བཏང་བ་བཅས་བྱས་པར་བརྟེན།
ས་མཐོར་མཐུན་སྒྲིལ་གྱི་མེ་ཏོག་བཞད་པ།
         སྲོང་བཙན་སྒམ་པོའི་ཕ་ཡུལ་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཁྲི་ཁང་གྲོང་ཚོའི་གྲོང་མི་བདེ་ཆེན་ཁྱིམ་གྱི་སྒྲོག་ཙེའི་ཐོག་རྩམ་པ་དང་ཇ་བསྲུབས་མ་དང་དེ་བཞིན་རྒྱ་ཟས་སྒྲིག་གཤོམས་བྱས་ནས་འདུག གང་ཡིན་ཞེ་ན། ཁོང་ཁྱིམ་གྱི་མག་པ་ནི་རྒྱ་རིགས་ཡིན། བདེ་སྐྱིད་ཁྱིམ་གྱི་མག་པ་དང་བཀྲ་ཤིས་ཁྱིམ་གྱི་མནའ་མ་ཞེས་གྲོང་ཚོའི་གྲོང་མིས་གྲོང་ཚོའི་ནང་གི་རྒྱ་རིགས་ཀྱི་མནའ་མ་དང་མག་པར་དེ་ལྟར་འབོད་ཀྱི་ཡོད། འུན་ཤིན་ཀོང་ཇོ་བོད་ཀྱི་བཙན་པོའི་ཁབ་ཏུ་བཞེས་པ་ནས་བཟུང་ཁྲི་ཁང་གྲོང་ཚོར་བོད་རིགས་དང་རྒྱ་རིགས་འབྲེལ་འདྲིས་དང་གཉེན་སྒྲིག་བྱ་རྒྱུ་དེ་མི་རབས་ནས་མི་རབས་བར་རྒྱུན་མཐུད། ད་ཆ་གངས་ལྗོངས་ས་མཐོར་འཚོ་བ་སྐྱེལ་བཞིན་པའི་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། མོན་པ་རིགས། ལྷོ་པ་རིགས་སོགས་མི་རིགས་འཆམ་མཐུན་མཉམ་གནས་དང་ཁྱིམ་ཚང་གཅིག་ལྟར་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་བཞིན་ཡོད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་ཀྱི་གཟིགས་རྒྱང་དང་ཚན་རིག་དང་མཐུན་པའི་སྒོ་ནས་མི་རིགས་ལས་དོན་ལ་ཇུས་འགོད་གནང་བའི་ཐོག་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བཏོན་གནང་ཡོད།
         ཁ་ཕྱོགས་བརྟན་པོ་དང་གསར་གཏོད་བྱེད་ཕོད་པ། “ཡུན་རིང་དང་། ཕྱོགས་ཡོངས། ཞིབ་ཕྲ། ཏན་ཏིག་བཅས་ཀྱི་སྒོ་ནས་ལས་དོན་སྒྲུབ་རྒྱུ་དེ་རྒྱུན་དུ་ནས་དམ་འཛིན་དང་མང་ཚོགས་དང་སེམས་བརྗེ་རེས་ལ་ཐུག་ཡོད”
         གསར་འགོད་པས་སྣ་དཀར་རྩེ་རྫོང་མངར་བྲག་ཤང་ནས་ཤེས་རྟོགས་བྱས་པར། ཤང་དེའི་འགོ་ཁྲིད་ཚན་ཁག་གི་མི་ལྔའི་ནང་བོད་རིགས་དང་། རྒྱ་རིགས། མེའོ་རིགས་སོགས་མི་རིགས་མི་འདྲ་བ་ཡོད། ལས་བྱེད་པ་དེ་དག་གིས་མྱོང་ཚོར་ཟབ་མོས་ཤང་དེར་མི་རིགས་མང་བ་དང་གྲོང་ཚོ་དང་གྲོང་ཚོའི་དབར་གྱི་སྡོད་གནས་ཁ་ཐོར་ཡིན་པར་བརྟེན་འཕེལ་རྒྱས་ཀྱི་ལས་འགན་ལྕི་ཙམ་ཡོད་མོད། འོན་ཀྱང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ནི་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཡིན་ཞེས་བརྗོད་བྱུང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་སྐོར་གླེང་སྐབས་ཁོང་ཚོས“ཡུན་རིང་དང་། ཕྱོགས་ཡོངས། ཞིབ་ཕྲ། ཏན་ཏིག་བཅས་ཀྱི་སྒོ་ནས་ལས་དོན་བསྒྲུབ་རྒྱུ་དེ་རྒྱུན་དུ་ནས་དམ་འཛིན་དང་མང་ཚོགས་དང་སེམས་བརྗེ་རེས་བྱ་རྒྱུར་ཐུག་ཡོད”ཅེས་བརྗོད་བྱུང་།
         ལྗོངས་ཡོངས་སུ་མི་འབོར་ཁྲི་317ཡོད་པའི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་གྱིས་95.74%བཟུང་ཡོད། བོད་ཀྱི་དམིགས་བསལ་གྱི་གནས་ཚུལ་དེར་གཞིགས་ནས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་མི་རིགས་མཐུན་སྒྲིལ་ལས་དོན་དེ་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ནང་བཞག་ཡོད།
         ན་ནིང་ལོ་མཇུག་ཏུ་བོད་རང་སྐྱོང་ལྗོངས་ཀྱིས་<<<དུས་བབ་གསར་པའི་འོག་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་>ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་>>བཏོན་ཞིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས“ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་མི་རིགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དུ་བརྩི་དགོས་པ་དང་འབྲེལ་ཐོག་མཐའ་བར་གསུམ་དུ་སེམས་ནང་འཇོག་པ་དང་དམ་འཛིན་ནན་པོ་བྱེད་དགོས་པ་མ་ཟད། ཚེ་སྲོག་ལྟ་བུར་བརྩིས་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ཕྱོགས་ཁག་ནང་ཁྱབ་པ་བྱེད་དགོས”ཞེས་བཏོན་ཡོད།
         བོད་ཀྱིས་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ཙུའུ་ཀྲང་གི་འགན་འཁུར་བའི་མི་རིགས་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གཏོད་འདེམས་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་སྔོན་ཐོན་དཔེ་བཟང་དཔྱད་འདེམས་དང་གཟེངས་བསྟོད་བྱས་པ་དང་འབྲེལ་མི་རིགས་མི་འདྲ་བའི་ཏང་ཡོན་དབར་དང་ཏང་ཡོན་དང་མང་ཚོགས་དབར་ཆ་སྒྲིག་བྱེད་པ་སོགས་ནང་དོན་ལྡན་པའི“ཆ་སྒྲིག་གཉིས་དང་། སེམས་སྦྲེལ་གསུམ། གླེང་མོ་བཞི། དཀའ་སེལ་ལྔ”དང“མི་རིགས་མཐུན་སྒྲིལ་གྱི་ཏང་ཡོན་གྱི་གདོང་ལེན་བྱེད་སྒོ”སྤེལ་བའི་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་(ཆུས་དང་གླིང)སྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ཡོད།
         བོད་ཀྱིས་མི་རིགས་ལས་བྱེད་པའི་ཤེས་ལྡན་པའི་དཔུང་ཁག་བསྐྲུན་རྒྱུར་དམ་འཛིན་བྱས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྟོབས་དང་ལྡན་པའི་རྩ་འཛུགས་ཀྱི་འགན་ལེན་དང་ཤེས་ལྡན་པའི་འདེགས་སྐྱོར་མཁོ་འདོན་བྱས་ཤིང་། ལྗོངས་ཡོངས་ཀྱི་རྫོང་(གྲོང་ཁྱེར་དང་ཆུས)74ཡི་ཏང་སྲིད་འགོ་ཁྲིད་གཙོ་བོའི་ནང་བོད་རིགས་ལས་བྱེད་པ་80ལྷག་ཙམ་ཡོད་པ་དང་ལྗོངས་ཡོངས་ཀྱི་ལས་བྱེད་པའི་དཔུང་ཁག་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་གྱི་ལས་བྱེད་པའི་བསྡུར་ཚད་དེ་70.95%བཟུང་ཡོད། བོད་ཀྱིས་གྲངས་ཉུང་མི་རིགས་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པའི་དམིགས་བསལ་གསོ་སྦྱོང་འདུ་འགོད་ལག་བསྟར་བྱས་ཏེ་རིམ་པ་དང་ཐབས་ལམ་མང་བའི་ཐོག་ནས་རིགས་ཁག་གི་ཤེས་ལྡན་པ་མི་ཐེངས་ཁྲི་དྲུག་གསོ་སྦྱོང་བྱས་པ་དང་ལྗོངས་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ཤེས་ལྡན་པ་74%ཡན་ཟིན་ཡོད།
         དྲིལ་བསྒྲགས་སློབ་གསོར་ཡུན་རིང་བརྩོན།
         “མི་རིགས་ཁག་གི་མང་ཚོགས་ཕན་ཚུན་རོགས་རམ་ཐུབ་ནས་མི་རིགས་ཁག་དབར་ཉ་ཆུ་ལྟ་བུའི་འབྲེལ་བ་ཞིག་ཆགས་ཡོད”
         ཇ་རྟ་ཚོང་ལམ་གྱི་རྒྱུད་དུ་གནས་པའི་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་དུ་ད་བར་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཏོང་སྐབས་བག་ལེབ་ཀོའོ་ཀོན་བསྲེགས་སྲོལ་དེ་ཧྲའན་ཤིས་ཁུལ་ནས་དར་བ་ཞིག་ཡིན། རྫི་ཐོ་གྲོང་རྡལ་གྱི་ལས་བྱེད་པ་བློ་གྲོས་ཀྱིས་མྱོང་ཚོར་ཟབ་མོས་ཇ་རྟ་ཚོང་ལམ་དེ་ལོ་རྒྱུས་སུ་གྱུར་ཟིན་ཡང་དེའི་ནང་ཆགས་པའི་མི་རིགས་དབར་ཕན་ཚུན་སྤེལ་རེས་དང་མཐུན་སྒྲིལ་མཛའ་མཐུན་གྱི་སྲོལ་རྒྱུན་དེ་བརྗེད་མི་རུང་ཞེས་བརྗོད་བྱུང་། ད་ཕན་ལོ་ཤས་རིང་རྫི་ཐོ་གྲོང་རྡལ་གྱིས་རྒྱ་རིགས་ལས་བྱེད་པར་བོད་ཆས་གཡོགས་པ་དང་། བྲོ་འཁྲབ་པ། བོད་རིགས་ཀྱི་གླུ་གཞས་གཏོང་བ་ལ་སོགས་པའི་བྱེད་སྒོ་སྤེལ་བར་བརྟེན“མི་རིགས་ཁག་གི་མང་ཚོགས་ཕན་ཚུན་རོགས་རམ་ཐུབ་ནས་མི་རིགས་ཁག་དབར་ཉ་ཆུ་ལྟ་བུའི་འབྲེལ་བ་ཞིག་ཆགས་ཡོད”
         2012ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་དང་། ས་གནས(གྲོང་ཁྱེར) རྫོང(གྲོང་ཁྱེར་དང་ཆུས)བཅས་ཀྱིས་ལོ་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གཏོད་འདེམས་བྱེད་སྒོ་ཐེངས་རེ་སྤེལ་ཏེ་མི་རིགས་མཐུན་སྒྲིལ་གྱི་སྤོབས་སེམས་དང་གཟི་བརྗིད་བསམ་པ་ཆེ་རུ་གཏོང་གི་ཡོད། མི་རིགས་མཐུན་སྒྲིལ་དཔེ་བཟང་མཉམ་སྡེབ་3005དང་སྔོན་ཐོན་མི་སྒེར་4218བདམས་ཏེ་མི་ཚང་མས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བརྩོན་ལེན་དང་མི་ཚང་མས་མི་རིགས་མཐུན་སྒྲིལ་ཆེད་ལེགས་སྐྱེས་འབུལ་བའི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།
         བོད་རང་སྐྱོང་ལྗོངས་ཀྱིས་ད་དུང“3·28”ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་དང་། ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་ཟླ་བ། རྒྱལ་སྟོན། བོད་ཞི་བས་བཅིངས་འགྲོལ་བཏང་བའི་དྲན་གསོའི་ཉིན་མོ་སོགས་དུས་ཆེན་དམ་འཛིན་བྱེད་པ་དང་འབྲེལ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དང་། དམག་དོན་ལོ་རྒྱུས་ཁང་། རྒྱལ་རྩེའི་དབྱིན་འགོག་གནའ་ཤུལ། བོད་སྡོད་ཨམ་བན་ཡ་མོན་གནའ་ཤུལ་སོགས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་གང་ལེགས་སྤྱད་དེ“ཀྲུང་གོའི་ཕུགས་འདུན”གྱི་བརྗོད་དོན་གཙོ་བོའི་སློབ་གསོ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སློབ་གསོ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། “བོད་གསར་རྙིང་བསྡུར་བའི”སློབ་གསོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྐོར་གྱི་སློབ་གསོ་སོགས་གཏིང་ཟབ་སྤེལ་བ་དང་འབྲེལ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་ལས་ཁུངས་དང་། ཤང་གྲོང་། སྡེ་ཁུལ། སློབ་གྲྭ དགོན་སྡེ་བཅས་སུ་སྤེལ་ཡོད།
         ལས་བྱེད་ལས་བཟོ་མང་པོ་ཞིག་ནི་བོད་མི་རིགས་མཐུན་སྒྲིལ་གྱི་ལག་བསྟར་བ་ཞིག་ཡིན་པ་དང་། 2001ལོར་ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་གསུམ་པ་ལུའོ་ཏན་ཆིང་གིས་བོད་རིགས་བུ་མོ་བདེ་སྐྱིད་ཆོས་སྒྲོན་གསོས་པ་དང་དེ་རྗེས་ལོ་བཅུ་གསུམ་ནང་ཁོང་གིས་བདེ་སྐྱིད་ཆོས་སྒྲོན་དམའ་རིམ་སློབ་འབྲིང་དང་། མཐོ་རིམ་སློབ་འབྲིང་། སློབ་གྲྭ་ཆེ་མོ་བཅས་ལ་བཏང་བ་རེད། ན་ནིང་བདེ་སྐྱིད་ཆོས་སྒྲོན་ཝུའུ་ཧན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ཐོན་པ་དང་རང་ཉིད་ཀྱི་པ་ཕ་ལུའོ་ཏན་ཆིང་གི་རྒྱབ་སྐྱོར་འོག་བོད་དུ་ཕ་ཡུལ་འཛུགས་སྐྲུན་བྱེད་པར་ལོག་ཡོང་བ་རེད།
         དམངས་འཚོ་སྔོན་ལ་སྒྲུབ་པ་དང་མཐའ་དར་དམངས་ཕྱུག་ཡོང་བ་བྱས།
         “དེ་སྔོན་ཕྱུག་ཤོས་ཀྱི་ལྷོ་པ་བའང་ད་ཆའི་གྲོང་མི་དཀྱུས་མ་ལས་ཕྱུག་པ་མེད་པ”
         དེ་སྔོན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བདེ་སྡོད་ཁུལ་ཆུང་གི་ལྷག་པ་ཚེ་རིང་ནང་ཚང་གིས་སྔ་ས་ནས་རྡོ་སོལ་དང་ལྕི་བ་ཉོས་ནས་དགུན་སྒྲོལ་བྱེད་རྩིས་བྱེད་ཀྱི་ཡོད་མོད། འོན་ཀྱང་ན་ནིང་དགུན་ཁ་ནས་ཁོང་ཚོའི་ཁྱིམ་དུ་དངོས་པོ་དེ་དག་གྲ་སྒྲིག་བྱེད་དགོས་ཀྱི་མེད། དུས་ཡུན་ལོ་གཉིས་ལྷག་ཙམ་གྱི་ལྷ་ས་གྲོང་ཁྱེར་གྱི་དྲོད་རླངས་མཁོ་འདོན་ལས་གྲྭ་ལས་དུད་ཚང་ཁྲི་10.5དྲོ་སྐྱིད་ལྡན་པའི་དགུན་དུས་སྐྱེལ་ཐུབ་པ་བྱུང་ནས་དྲོད་རླངས་ཡོངས་སུ་ཁྱབ་སྟེ་མི་རབས་ནས་མི་རབས་བར་ལྕི་བ་འབུད་ནས་དྲོད་ལེན་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། དྲོད་ལེན་ཕུད་གྲོང་མིས་ད་དུང་རང་བྱུང་སོལ་རླངས་ལ་བརྟེན་ནས་ལྟོ་བཟོ་བ་དང་ལུས་འཁྲུ་ཐུབ་པས་འཚོ་བའི་མ་གནས་ཆེས་ཆེར་ཆུང་དུ་ཕྱིན་ཡོད།
         བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་གྲོང་ཚོའི་གྲོང་མི་ཟླ་བ་ཚེ་རིང་ཐོག་སོ་ཉིས་ཐོག་གི་སྡོད་ཁང་གསར་པར་སྤོས་པ་དང་། སྲིད་གཞུང་གིས་ད་དུང་མ་དངུལ་བཏོན་ནས་ཁོང་གི་ཁྱིམ་ལ་རྫབ་རླངས་རྫིང་བུ་བསྐྲུན་པ་རེད། ལྗོངས་ཡོངས་སུ་ཞིང་འབྲོག་པ་དུད་ཚང་ཁྲི་46.03གྱི་བདེ་སྡོད་ལས་གྲྭ་སྤྱིར་ན་ལེགས་གྲུབ་ཟིན་པ་དང་ཞིང་འབྲོག་པ་ཁྲི་230ལྷག་ཙམ་མཛེས་སྡུག་ལྡན་ལ་སྐྱིད་སྣང་དོད་པའི་སྡོད་ཁང་གསར་པར་སྤོ་རྒྱུ་བྱུང་བ་རེད། རང་སྐྱོང་ལྗོངས་ཀྱིས་ད་དུང་ཆུ་དང་། གློག ལམ། དྲོད་རླངས། འཕྲིན་གཏོང་། སྦྲག་སྲིད། རླུང་འཕྲིན་བརྙན་འཕྲིན། ཞིང་པའི་དཔེ་དེབ་ཁང་། མཛེས་སྡུག་ལྡན་པའི་ཁོར་ཡུག་བཅས“ཞིང་དུད་དུ་ཁྱབ་པ་བརྒྱད”ཀྱི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ནས་མཛེས་སྡུག་ལྡན་པའི་བོད་བཟོའི་གྲོང་ཚོ་རེ་རེ་འོད་མདངས་རྣམ་པར་བཀྲ་བའི་མུ་ཏིག་ལྟར་ས་མཐོའི་ས་གཞི་ཆེ་མོར་ཆགས།
         དམངས་འཚོ་སྔོན་ལ་སྒྲུབ་པ་དང་དམངས་འཚོར་སྣང་ཆེན་བྱེད་པ། ཉེ་བའི་ལོ་ཤས་རིང་བོད་ཀྱིས་རྩ་བ་ཡིན་པའི་དམངས་འཚོར་དམ་འཛིན་བྱས་ནས་དམངས་འཚོ་སྔོན་ལ་སྒྲུབ་པའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ་དང་ལོ་ཧྲིལ་པོའི་ནོར་སྲིད་གཏོང་སྤྲོད་70%ཡན་དམངས་ཚོར་སྤྱད་པ་དང་། 2012ལོ་ནས་བཟུང་ལོ་ལྟར་དམངས་ལ་ཁེ་ཕན་སྐྲུན་པ་དང་དགོན་སྡེ་དང་གྲྭ་བཙུན་ལ་ཁེ་ཕན་སྐྲུན་པའི“དོན་དངོས་བཅུ”ཡག་པོ་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། ཐད་ཀར་འབྲེལ་བ་ཡོད་པ། འཕྲལ་མཁོ་ཆེ་ཤོས་བཅས་ཀྱི་ཁེ་ཕན་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱས་ཏེ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་གི་ཡོད་པ་རེད།
         ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཐོག་ཉིང་ཁྲི་ས་ཁུལ་མེ་ཏོག་རྫོང་མོན་པ་རིགས་ཀྱི་འཐུས་མི་པད་མ་ཆོས་སྒྲོན་གྱིས་གསར་འགོད་པར་མེ་ཏོག་རྫོང་དུ་གཞུང་ལམ་ཤར་གཏོང་ཐུབ་ནས་རྒྱལ་ཡོངས་སུ་གཞུང་ལམ་ཤར་གཏོང་མི་ཐུབ་པའི་མཐའ་མའི་རྫོང་དེའི་ལོ་རྒྱུས་མཇུག་འགྲིལ་བ་རེད། དེ་སྔོན་ང་སྡོད་སའི་སྤ་སྟེང་རྩེ་གྲོང་ཚོ་ནས་རྫོང་བར་ཉིན་གཅིག་འགོར་བ་དང་ད་ཆ་ཆུ་ཚོད་གཉིས་ལྷག་ཙམ་ལས་འགོར་གྱི་མེད་ཅེས་བཤད། ཁོང་གིས“གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་ཚང་མར་ཆུ་ཀ་ལ་ཡོད་པ་དང་། གློག་དང་དྲ་བའང་ཡོད་པ་མ་ཟད་ད་དུང་ཁྱིམ་ཚང་ཚང་མར་བརྙན་འཕྲིན་དང་། གོས་འཁྲུ་འཕྲུལ་ཆས། ལག་འཁྱེར་ཁ་པར་སོགས་ཡོད”ཅེས་བཤད། གནས་ཡུལ་ལྷོ་པ་མི་རིགས་ཤང་དེ་ཉིང་ཁྲི་སྨན་གླིང་རྫོང་གི་ཤང་གྲོང་ཕྱུག་ཤོས་སུ་གྱུར་པ་དང་། མི་རེའི་ཆ་སྙོམས་ཀྱི་ལོ་རེའི་ཡོང་འབབ་སྒོར་ཁྲི་1ཡན་ཟིན་གྱི་ཡོད། ཁྱུང་གླིང་གྲོང་ཚོའི་ལོ་80ལྷག་ཙམ་ལ་སླེབས་པའི་རྒད་པོ་ཟླ་རྒོད་ཀྱིས་མི་འཕྲད་རིམ་བཞིན་དུ“དེ་སྔོན་ཕྱུག་ཤོས་ཀྱི་ལྷོ་པ་བ་ད་ལྟའི་གྲོང་མི་དཀྱུས་མ་ལས་ཕྱུག་པ་མེད”ཅེས་ཤོད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་བོད་ཀྱིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་11.4བཏང་ནས་མཐའ་དར་དམངས་ཕྱུག་གི་རྣམ་གྲངས་1621ལག་ལེན་བསྟར་བས་མཐའ་མཚམས་ས་ཁུལ་དང་མི་འབོར་ཅུང་ཉུང་བའི་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད་པ་རེད།
         བོད་ཀྱི་སློབ་གསོ་དང་འཕྲོད་བསྟེན་སོགས་དམངས་འཚོའི་ཁྱབ་ཁོངས་སུའང་བཀྲག་མདངས་འཚེར་ས་ཡང་ཡང་ཐོན་པ་སྟེ། རྒྱལ་ཡོངས་ནས་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་ཐོག་མར་མངོན་འགྱུར་བྱུང་བ་དང་ལོ་རེའི་སློབ་མའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་སྒོར་3000བར་མཐོ་རུ་བཏང་བ་དང་། རིན་མི་དགོས་པའི་སྨན་བཅོས་རྨང་གཞིར་བྱས་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཞིང་འབྲོག་པ་ཡོངས་ལ་ཁྱབ་པ་དང་རྒྱལ་ཡོངས་ནས་སྔོན་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་རིན་མི་དགོས་པའི་གཟུགས་པོ་བརྟག་དཔྱད་བྱ་རྒྱུ་མངོན་འགྱུར་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་སྤྱི་ཚོགས་འགན་བཅོལ་མ་ལག་དང་སྤྱི་ཚོགས་རོགས་སྐྱོབ་མ་ལག་སྤྱིར་ན་སྐྲུན་པ་དང་འགན་ལེན་ལྔའི་དུད་ཚང་གཅིག་སྡུད་ཐོག་བསྙེན་བཀུར་བྱེད་ཚད་72%ཟིན་པ་དང་ལྗོངས་ཡོངས་ཀྱི་དྭ་ཕྲུག་5900ལྷག་ཙམ་ལ་རོགས་སྐྱོར་ནུས་ལྡན་ཐོབ་པ་སོགས་རེད།
         འཆམ་མཐུན་མཉམ་གནས་དང་ཞི་མཐུན་བདེ་སྐྱིད་ཡོང་བ་བྱས།
         “སུས་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་རྩིས་བྱས་ཚེ་ང་ཚོས་ཁས་ལེན་གཏན་ནས་བྱེད་མི་སྲིད”
         ཉིན་འགའི་གོང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་བརྒྱད་གཅིག་སྡེ་ཁུལ་གྱི་གྲོང་མི་པུའོ་ཅིན་ཆིང་གི་ཁྱིམ་དུ་ཁོང་གི་མེའོ་རིགས་ཚ་བོའི་མནའ་མ་སླེབས་པ་དང་པུའོ་ཅིན་ཆིང་གི་ཁྱིམ་དུ་མི་རིགས་བཞི་ཡོད་ཅིང་། པུའོ་ཅིན་ཆིང་ནི་རྒྱ་རིགས་ཡིན་པ་དང་ཁོང་གི་བཟའ་ཟླ་པ་སངས་བོད་རིགས་ཡིན་པ། ཁོང་གི་བུ་མོ་ཆུང་བའི་མག་པ་མ་ཝུའུ་ཏེ་ནི་ཧུའེ་རིགས་རེད། དེ་སྔོན་ཁོང་ཚོའི་ཁྱིམ་དུ་ལོ་ལྟར་ལོ་གསར་ཐེངས་གསུམ་གཏོང་དགོས་པ་སྟེ། དཔྱིད་གསར་དུས་ཆེན་དང་། བོད་ཀྱི་ལོ་གསར། གོར་པན་དུས་ཆེན་བཅས་གཏོང་དགོས་ཀྱི་ཡོད། ད་ལོ་ལོ་གསར་བཞི་གཏོང་རྒྱུའི་འཆར་གཞི་ཡོད་པ་དང་། པུའོ་ཅིན་ཆིང་གིས་མི་རིགས་མི་འདྲ་བའི་ཁྱིམ་ཚང་འཆམ་མཐུན་ལྡན་པ་དགོས་ན་འགག་རྩ་ནི་མི་རིགས་སོ་སོའི་ཆོས་དད་དང་གོམས་གཤིས་ལ་ཕན་ཚུན་བརྩི་འཇོག་བྱེད་དགོས་པ་དེ་རེད་ཅེས་བཤད།
         ལོ་ལྟར་གྱི་ཟླ་9ཚེས་17ཉིན་ནི་ལྷ་སའི“མི་རིགས་མཐུན་སྒྲིལ་ཉིན་མོ”ཡིན་པ་དང་ཉིན་དེ་འཆར་རིམ་བཞིན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྐྱིད་རས་ཁྲོམ་གཞུང་མི་རིགས་མཐུན་སྒྲིལ་སྒོ་ར་ཆེ་མོར་གྲོང་མི་རྣམས་མཉམ་དུ་འཛོམས་ནས“མི་རིགས་མཐུན་སྒྲིལ་གྱི་ལྟོ”བཟའ་བ་དང“མི་རིགས་མཐུན་སྒྲིལ་གྱི་ཞབས་བྲོ”འཁྲབ་ཀྱི་ཡོད་པ་རེད། སྒོ་ར་དེར་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། པེ་རིགས་སོགས་མི་རིགས་མི་འདྲ་བའི་གྲོང་མི་ཡོད། འཚོ་བའི་གོམས་གཤིས་དང་སྐད་རིགས་མི་འདྲ་ནའང་ལོ་མང་རིང་ཚང་མས་ཕན་ཚུན་བརྩི་འཇོག་བྱས་ནས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པས་ཁེངས། སྐྱིད་རས་སྒོ་ར་ཆེ་མོའི་གྲོང་མིས་ད་དུང་རང་རྟོགས་ངང་དང་བླངས་ཞབས་ཞུའི་རུ་ཁག་སྒྲིག་འཛུགས་བྱས་ནས་དུས་བཀག་ནང་སྒོ་རའི་ནང་གི་རྒན་རྒོན་དང་གཞིས་སྲུང་བྱིས་པར་རོགས་པ་བྱེད་གང་ཐུབ་བྱེད་ཀྱི་ཡོད་པ་རེད།
         “རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་རྟེན་གཞིའི”མཚན་སྙན་ཐོབ་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་སྡེ་ཁུལ་དུ་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས་སོགས་མི་རིགས་སྣ་ཚོགས་ཀྱི་མང་ཚོགས་3573ཡོད་པ་དང་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་ཟིན་གྱི་ཡོད་པ་རེད། སྡེ་ཁུལ་ཡུལ་མི་ཨུ་ལྷན་གྱི་ཧྲུའུ་ཅི་བསོད་ནམས་བག་གྲོས་སྡེ་ཁུལ་འཕེལ་རྒྱས་འགྲོ་བའི་སྟོབས་ཤུགས་ཆེ་ཤོས་ནི་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས་བཅས་མི་རིགས་དབར་ཕན་ཚུན་མཐུན་སྒྲིལ་དང་ཕན་ཚུན་རོགས་རམ་བྱེད་པ་དེ་ཡིན་པ་དང་། སུས་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་བཏང་ཚེ་ང་ཚོས་ཁས་གཏན་ནས་ལེན་མི་སྲིད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།