འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཏང་ཡོངས་དང་སྤྱི་ཚོགས་ཧྲིལ་པོས་མུ་མཐུད་ཐུན་མོང་ཐོག་འབད་བརྩོན་བྱས་ནས་
    དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་མཉམ་ཤུགས་ཆེན་པོ་ཆགས་པ་བྱེད་དགོས།

    ཞིས་ཅིན་ཕིང་གིས་དབུལ་སྐྱོར་ཉིན་མོ་དང་པོའི་སྐབས་སུ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་20ཉིན། 08:50】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་རྒྱལ་ཡོངས་སྤྱི་ཚོགས་དབུལ་སྐྱོར་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད།
        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་དབུལ་སྐྱོར་གསར་སྤེལ་ལས་དོན་སྐོར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་རེད། ཁོང་གིས་རང་རྒྱལ་གྱིས་ལོ་རེའི་ཟླ་10ཚེས་17ཉིན་དེ་“དབུལ་སྐྱོར་ཉིན་མོར”གཏན་འཁེལ་བྱས་པ་དང་འབྲེལ་ད་ལོའི་དབུལ་སྐྱོར་ཉིན་མོ་དང་པོའི་སྐབས་སུ་སྤྱི་ཚོགས་དབུལ་སྐྱོར་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་དང་སྤྱི་ཚོགས་ཀྱི་དབུལ་སྐྱོར་ལས་དོན་ལ་སྔར་བས་བཀོད་སྒྲིག་བྱས་པ་དེ་ཀྲུང་ཧྭ་མི་རིགས་ཀྱི་དབུལ་སྐྱོར་དཀའ་སེལ་གྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བ། སྤྱི་ཚོགས་ཀྱི་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་བྱས་ནས་ཐུན་མོང་ཐོག་དབུལ་པོར་དམག་བརྡ་གཏོང་བ། དབུལ་སྐྱོར་འགག་སྒྲོལ་དམག་འཐབ་མུ་མཐུད་ཡག་པོ་རྒྱག་པ་བཅས་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ནན་བཤད་གནང་བ་རེད།
        ཞིས་ཅིན་ཕིང་གིས་དབུལ་སེལ་དང་། དམངས་འཚོ་ལེགས་གཏོང་། མི་དམངས་ཡོངས་ཐུན་མོང་ཐོག་རིམ་བཞིན་ཕྱུག་པོ་ཆགས་པ་བྱ་རྒྱུ་བཅས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཞིག་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། རང་རྒྱལ་གྱི་དབུལ་སྐྱོར་གསར་སྤེལ་ཐད་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ནས་དབུལ་པོ་ཉུང་དུ་གཏོང་བའི་མིའི་རིགས་ཀྱི་བྱ་གཞག་ལ་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
        ཞིས་ཅིན་ཕིང་གིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པར་དཀའ་ཚེགས་ཧ་ཅང་ཆེ་ཤོས་དང་ལས་འགན་ལྕི་ཤོས་དེ་ས་ཁུལ་དབུལ་པོར་གནས་ཡོད། ཏང་ཡོངས་དང་སྤྱི་ཚོགས་ཧྲིལ་པོས་མུ་མཐུད་ཐུན་མོང་ཐོག་འབད་བརྩོན་བྱས་ནས་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་འགོ་ཁྲིད་ལས་བྱེད་པས་ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོར་དམིགས་བསལ་གྱི་དོ་ཁུར་དང་དམིགས་བསལ་གྱི་སེམས་ཁུར་བྱེད་པ་དང་། འགོ་ཁྲིད་ཀྱི་འགན་འཁྲི་སྒྲུབ་པ། བསམ་ཕྱོགས་དང་ཐབས་ཤེས་གསར་གཏོད། དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།ཡུལ་བབ་དང་བསྟུན་མཁས་པོ།གནད་འཁེལ་ཤུགས་འདོན་ལ་སྣང་ཆེན། ས་ཁུལ་དབུལ་པོའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།དུས་བབ་གསར་པའི་འོག་གི་དབུལ་སྐྱོར་གསར་སྤེལ་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་གོམ་སྟབས་མགྱོགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་མིག་སྔར་དབུལ་སྐྱོར་ལས་དོན་དེ་འགག་སྒྲོལ་དུས་བབ་གསར་པར་སླེབས་ཡོད་པས་སྔར་བས་སྒྱུར་བཅོས་གཏིང་ཟབ་དང་། ལམ་སྲོལ་གསར་གཏོད།སྲིད་ཇུས་འཐུས་ཚང་དུ་གཏོང་བ་བཅས་བྱས་པ་བརྒྱུད་ས་ཁུལ་དབུལ་པོའི་རང་ནུས་ཆེར་གཏོང་ནུས་པ་དང་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་བ་དང་དེ་བས་ཚན་རིག་དང་མཐུན་ལ་དེ་བས་ནུས་པ་ལྡན་པའི་དབུལ་སྐྱོར་ལག་བསྟར་བྱེད་དགོས།གཅིག་སྡུད་ཡུག་འབྲེལ་ས་ཁུལ་དེ་འཐབ་ས་གཙོ་བོར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཡོངས་སྐུལ་འདེད་དང་དུད་ཚང་ལ་གནད་འཁེལ་དང་། འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་སྣོད་བཅུད་སྲུང་སྐྱོང་། ཕྱོགས་ཁག་གི་རྒྱབ་སྐྱོར་དང་ས་ཁུལ་དབུལ་པོ་རང་ཉིད་ཀྱིས་འབད་འཐབ་བྱ་རྒྱུ་ཟུང་འབྲེལ་བྱེད་པ་བཅས་ལ་སྣང་ཆེན་བྱེད་པ། སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་པ། དབུལ་སྐྱོར་འགག་སྒྲོལ་གྱི“རུས་པ་མཁྲེགས་པོ”ཧུར་ཐག་གཏོར་བ།སེམས་མཐུན་སྟོབས་སྒྲིལ་གྱིས་དམག་འཐབ་དྲག་པོར་རྒྱལ་ཁ་ཐོབ་པ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
        རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་དབང་དབྱང་གིས་ཚོགས་འདུའི་ཐོག་གསུང་བཤད་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་བཀོད་སྒྲིག་གནང་ནས་ས་གནས་ཁག་ལ་སྒྲིག་འཛུགས་སྐུལ་སློང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཞུགས་པའི་སྟེགས་བུ་སྐྲུན་པ། སྤྱི་ཚོགས་དབུལ་སྐྱོར་གྱི་གཙོ་གཟུགས་མང་པོ་སྐྱེད་སྲིང་། སྲིད་ཇུས་འདེགས་སྐྱོར་གྱི་མ་ལག་འཐུས་ཚང་དུ་གཏོང་བ། ཁོར་ཡུག་བཟང་པོ་གཏོད་པ་བཅས་བྱས་ནས་སྤྱི་ཚོགས་དབུལ་སྐྱོར་མི་ཚང་མས་བྱེད་འདོད་པ་དང་། མི་ཚང་མས་བྱེད་ཆོག་པ།མི་ཚང་མས་བྱེད་ཐུབ་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
        ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་སྤྱི་ཚོགས་དབུལ་སྐྱོར་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་པ་དང་། གཟེངས་བསྟོད་ཐོབ་མཁན་འཐུས་མིས་གཏམ་བཤད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།