མི་དམངས་དྲ་བ།>>འགོ་བརྗོད་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་རིག་རྩལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་16ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།ཞིས་ཅིན་ཕིང་གིས་རིག་རྩལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བ།

    ཟླ་༡༠ཚེས་༡༥ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་གུང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་པེ་ཅིང་དུ་རིག་རྩལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་སྐབས། དུས་རྟག་ཏུ་མི་དམངས་ལྟེ་བར་འཛིན་པའི་པའི་གསར་རྩོམ་གྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་དུས་རབས་ལ་ངོ་གནོང་མི་དགོས་པའི་བརྩམས་ཆོས་དེ་བས་མང་པོ་གསར་རྩོམ་བྱེད་དགོས་ཞེས་གསུངས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་ཚོགས་འདུར་ཞུགས།
    ཞིས་ཅིན་ཕིང་གིས་གསུངས་དོན། རིག་རྩལ་ནི་དུས་རབས་ཀྱི་དུང་སྒྲ་ལྟ་བུ་ཡིན་པས་དུས་རབས་ཤིག་གི་སྣང་བརྙན་གསོན་པོ་མངོན་སུམ་དུ་མཚོན་ཐུབ། རྒྱ་ཆེའི་རིག་རྩལ་ལས་དོན་པ་རྣམས་ཀྱིས་རིག་རྩལ་གྱི་གོ་གནས་དང་ཕན་ནུས་ལ་ངོས་འཛིན་གང་ལེགས་གནང་སྟེ། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་དུས་རབས་ལ་ངོ་གནོང་མི་དགོས་པའི་བརྩམས་ཆོས་དེ་བས་མང་པོ་གསར་རྩོམ་བྱེད་དགོས། བཅོས་སྒྱུས་སྒོ་དབྱེ་བྱས་ཚུན་དུ་རང་རྒྱལ་གྱི་རིག་རྩལ་གསར་རྩོམ་དེ་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་བཞིན་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཅིང་། དུས་མཚུངས་སུ་རིག་རྩལ་གསར་རྩོམ་ཐད་ཕན་ཚུན་རྐུ་བཤུས་དང་ལད་ཟློས་སོགས་སྤུས་ཚད་ཞན་པའི་བརྩམས་ཆོས་ཀྱང་མང་པོ་ཐོན་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་ནི་མཐར་གཏུགས་ནས་བཤད་ན་མི་དམངས་ཀྱི་རིག་རྩལ་ཡིན་པས། ང་ཚོས་དུས་ནམ་ཡང་མི་དམངས་ཀྱི་བསམ་འདུན་ངེས་པར་དུ་མངོན་མཚོན་བྱེད་དགོས། མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་གཞི་རྩའི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་ནི་ཏང་གིས་རིག་རྩལ་ལས་དོན་མི་སྣ་ཡོངས་ལ་བཏོན་པའི་གཞི་རྩའི་རེ་བ་ཡིན་ལ། རང་རྒྱལ་གྱི་རིག་རྩལ་ལས་དོན་གྱི་མདུན་ལམ་ཐག་གཅོད་བྱེད་པའི་གནད་འགག་གལ་འགངས་ཆེ་ཤོས་ཀྱང་ཡིན། 
    ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། བདེན་ལེགས་མཛེས་གསུམ་ལ་རེ་སྙེག་བྱ་རྒྱུ་ནི་རིག་རྩལ་གྱི་འགྱུར་མེད་རིན་ཐང་ཡིན། རིག་རྩལ་བརྩམས་ཆོས་ཤིག་ཡིན་ཚེ་སྤྱི་ཚོགས་ཀྱི་ཕན་ཁེ་ཨང་དང་པོར་འཇོག་དགོས་པ་དང་། དུས་མཚུངས་སུ་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་མཉམ་གཅིག་ཏུ་མཐུན་སྦྱོར་བྱ་དགོས། རིག་རྩལ་དེ་ཁྲོམ་རའི་བྲན་གཡོག་བྱེད་མི་རུང་སྟེ། ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་ཤིག་ཡིན་ཚེ་བསམ་བློ་དང་སྒྱུ་རྩལ་ཐོག་འོད་མདངས་འཚེར་ས་ཡོད་དགོས་པ་མ་ཟད། སྤྱི་ཚོགས་ཁྲོམ་རའི་ཐོག་ཏུའང་དགའ་བསུ་ཐོབ་པ་ཞིག་ཡིན་དགོས།
    ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། བཅིངས་འགྲོལ་དམག་སྤྱི་ཁྱབ་ཆབ་སྲིད་པུའི་འགན་འཁུར་པ། ཁྱབ་ཁོངས་སོ་སོའི་རིག་རྩལ་ལས་དོན་པའི་འཐུས་ཚབ་མི་སྣ་སོགས་ཚོགས་འདུར་ཞུགས་ཡོད།

༄༅།།ཞིས་ཅིན་ཕིང་གིས་རིག་རྩལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བ།