འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་21ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅།།པཎ་ཆེན་ཤངས་སྡེ་དགོན་ཕན་བདེ་ཆོས་འཁོར་གླིང་དུ་སྐྱོད་པ།

    མི་དམངས་དྲ་བའི་གསར་འགོད་པ། སྙིང་ལྕགས་རྒྱལ་གྱིས།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་15ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།པཎ་ཆེན་ཤངས་སྡེ་དགོན་ཕན་བདེ་ཆོས་འཁོར་གླིང་དུ་སྐྱོད་པ།
        མི་དམངས་དྲ་བའི་འཕྲིན། ཟླ་༡༠ཚེས་༡༤ཉིན། མཚོ་བོད་གཞུང་ལམ་དང་ཁྲོན་བོད་གཞུང་ལམ་གྱི་གསར་འགོད་བཅའ་འདྲི་ཚོགས་པ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་རྫོང་ཤངས་སྡེ་གྲོང་རྡལ་དུ་ཆགས་ཡོད་པའི་པཎ་ཆེན་ཤངས་སྡེ་དགོན་ཕན་བདེ་ཆོས་འཁོར་གླིང་དུ་ཕྱིན་ཏེ་མཚོ་བོད་གཞུང་ལམ་བརྒྱུད་ཀྱི་ཆོས་ལུགས་དགོན་སྡེ་སྲུང་སྐྱོར་ཐད་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། པཎ་ཆེན་ཤངས་སྡེ་དགོན་ཕན་བདེ་ཆོས་འཁོར་གླིང་འདི་ནི་སྤྱི་ལོ་༡༧༨༠ལོར་པཎ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་ཕྱག་བཏབ་གནང་བ་དང་། དགོན་པའི་མིང་ལ་ཤིང་སྡེ་དགོན་ཞེས་ཀྱང་འབོད་པ་རེད། དགོན་པ་ལེགས་འགྲུབ་བྱུང་རྗེས། འདི་ནི་པན་ཆེན་སྐུ་ཕྲེང་རིམ་བྱོན་དང་ཆོས་སྲིད་ཀྱི་མཐོ་རིམ་མི་སྣ་ཁག་དབུས་གཙང་ཁུལ་དང་མཚོ་སྔོན་དུ་ཕེབས་སྐབས་ཀྱི་ཞག་བཞུགས་གནང་སར་གྱུར་ཡོད་པ་རེད། དགོན་པ་དེ་བདེ་ཆེན་བླ་བྲང་དང་བདེ་ཆེན་ཕོ་བྲང་གཉིས་ཀྱིས་གྲུབ་ཅིང་། བདེ་ཆེན་བླ་བྲང་ནི་ཆོས་ལུགས་ཀྱི་ཆོ་ག་སྤེལ་ས་ཡིན་པ་དང་། བདེ་ཆེན་ཕོ་བྲང་ནི་ཆོས་ཕྱོགས་ཀྱི་བླ་ཆེན་རྣམས་ལ་སྣེ་ལེན་ཞུས་ས་ཡིན་པ་རེད། མིག་སྔར་དགོན་པ་འདིར་དགེ་འདུན་པ་བཅུ་གསུམ་ཙམ་ཡོད་པ་དང་། ཁོང་ཚོ་ཚང་མ་གཙང་བཀྲ་ཤིས་ལྷུན་པོ་དགོན་ནས་ཡོང་བ་རེད། 
         རིག་གནས་གསར་བརྗེའི་སྐབས་སུ་དགོན་པར་གཏོར་བརླག་ཆེན་པོ་ཐེབས་ཡོད་མོད། འོན་ཀྱང་རྗེས་སུ་ཆོས་ལུགས་སྲིད་ཇུས་ལེགས་སུ་ཕྱིན་པ་དང་པཎ་ཆེན་སྐུ་ཕྲེང་བཅུ་བ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་གྱིས་བཀའ་མངགས་གནང་བ་ལྟར། དགོན་པ་དེ་ཉིད་ཉམས་གསོ་བྱས་པས་མིག་སྔར་དགོན་འདི་རུ་འདུ་ཁང་ཀ་བརྒྱད་མ་ཞིག་དང་། གྲྭ་ཤག་ཐོག་བརྩེགས་གཉིས་ཅན་ཞིག གསར་དུ་བསྐྲུན་པའི་རྟེན་རྫས་བཤམས་མཛོད་ཁང་སོགས་ཡོད་པ་རེད། བཤམས་མཛོད་ཁང་དུ་པན་ཆེན་སྐུ་ཕྲེང་རིམ་བྱོན་གྱི་ཐང་ག་དང་བཞུགས་ཁྲི། འདྲ་པར་དང་། འབྲེལ་ཡོད་ཡིག་ཆ། སོགས་ཉར་ཚགས་བྱས་ཡོད་པ་རེད།
    ༄༅།།པཎ་ཆེན་ཤངས་སྡེ་དགོན་ཕན་བདེ་ཆོས་འཁོར་གླིང་དུ་སྐྱོད་པ།
    ༄༅།།པཎ་ཆེན་ཤངས་སྡེ་དགོན་ཕན་བདེ་ཆོས་འཁོར་གླིང་དུ་སྐྱོད་པ།
    ༄༅།།པཎ་ཆེན་ཤངས་སྡེ་དགོན་ཕན་བདེ་ཆོས་འཁོར་གླིང་དུ་སྐྱོད་པ།
      

    ཕྱོགས་བསྡུས་གསར་འགྱུར།