འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་འགྲེམས་བསྒྲགས་དང་ལག་བསྟར་བྱས་ནས་
    ལོ་30འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་20ཉིན། 08:48】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས༽འགྲེམས་བསྒྲགས་དང་ལག་བསྟར་བྱས་ནས་ལོ་30འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས་17ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་ཚོགས་འདུར་ཕེབས་ཡོད་པ་རེད།
        1954ལོའི་རྩ་ཁྲིམས་ནང་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་གཏན་འཁེལ་བྱས་པ་དང་། 1982ལོར་གྲོས་འཆམ་བྱུང་བའི་ད་ལྟ་ལག་ལེན་བསྟར་བའི་རྩ་ཁྲིམས་ནང་རང་རྒྱལ་གྱི་མི་རིགས་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་བསྐྱར་བཤད་བྱས་ཡོད། 1984ལོའི་ཟླ་ལྔ་པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དྲུག་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་གྲོས་འཆམ་བྱུང་བ་དང་ལོ་འདིའི་ཟླ་10ཚེས་1ཉིན་དངོས་སུ་ལག་ལེན་བསྟར་འགོ་ཚུགས་པ་རེད།
        བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཅན་གོས་གསུང་བཤད་གནང་བ་དང་། ཁོང་གིས་བཞུགས་མོལ་ཚོགས་འདུ་འཚོགས་ནས་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་ལེན་བསྟར་ནས་ལོ་30འཁོར་བར་དྲན་གསོ་ཞུ་བར་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་ལག་བསྟར་བྱས་ཏེ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་འཛུགས་པ་དང་འཕེལ་རྒྱས་ཀྱི་ལམ་བུར་ཕྱིར་མིག་ལྟ་བ་དང་། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་ལེན་བསྟར་བའི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ། ཏང་གི་མི་རིགས་སྲིད་ཇུས་སྒོ་ཀུན་ནས་ལག་བསྟར་ཡང་དག་བྱེད་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ། མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་དགོས་ཞེས་གསུངས་པ་རེད།
        ལི་ཅན་གོས་གསུང་བཤད་གནང་སྐབས་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་སྲོག་ཤིང་སྙིང་པོ་རྒྱས་བཤད་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་ལེན་བསྟར་བའི་ཞིབ་ཕྲའི་བླང་བྱ་བཏོན་ཡོད། ཁོང་གིས་ལག་ལེན་གྱི་ཐོག་ནས་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམས་པ་དང་། དོན་དངོས་དང་འཚམས་པ། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམས་པ་བཅས་ཀྱི་བཅའ་ཁྲིམས་ཡག་པོ་དང་། མི་རིགས་ཁག་གི་ཐུན་མོང་གི་འདོད་བློ་དང་རྩ་བའི་ཁེ་ཕན་མཚོན་པ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་ཁེ་དབང་ཁག་འགན་ལེན་གང་ལེགས་བཅས་བྱས་པའི་བཅའ་ཁྲིམས་ཡག་པོ། རྒྱལ་ཁབ་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པ་དང་། མི་རིགས་འདྲ་མཉམ་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ།མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་བཅའ་ཁྲིམས་ཡག་པོ།མི་རིགས་ཁག་གི་མི་དམངས་ཀྱིས་སྔ་ཕྱི་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བརྒྱུད་མདུན་སྐྱོད་བྱེད་པའི་ཁྲིམས་ལུགས་ཀྱི་འགན་ལེན་བཅས་ཡིན་པ་ར་སྤྲོད་གང་ལེགས་བྱུང་ཡོད་ཅེས་གསུངས་པ་རེད།
        ལི་ཅན་གོས་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནན་ཏན་ངང་སློབ་སྦྱོང་ཡག་པོ་དང་། ལག་བསྟར་དོན་འཁྱོལ་ཡག་པོ། དྲིལ་བསྒྲགས་ཁྱབ་གདལ་ཡག་པོ་བཅས་བྱེད་པ་དང་། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་བསྟར་ལ་ལྟ་སྐུལ་ཞིབ་བཤེར་ཡག་པོ་བྱེད་པ། མི་རིགས་ས་ཁོངས་རང་སྐྱོང་གི་འབྲེལ་ཡོད་ཁྲིམས་སྲོལ་དང་ལམ་ལུགས་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད།ལམ་ལུགས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་མཐའ་འཁྱོངས་བྱེད་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་བྱེད་དགོས་ཞེས་གསུངས་པ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ལིའུ་ཆི་པའོ། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིང་ལིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དྲུང་ཆེ་གཅིག་ལྕོགས་ཝང་ཁྲེང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཨའེ་ལི་ཀེན·དབྱི་མིང་པ་ཧའེ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ལིང་ཅི་ཧ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཀྲེང་ཝུའེ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མ་པེའོ་དང་། ཆིན་ཤུས་ཁྲུན་བཅས་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་རེད།
        རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས་ཀྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།