འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་བ་དང་དབུལ་པོར་བསྐྱར་ལོག་གི་མི་གྲངས་ཁྲི་4ཉུང་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་20ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བདེ་ཐང་དབུལ་སྐྱོར་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། མཚོ་སྔོན་ཞིང་ཆེན་གྱི་བདེ་ཐང་དབུལ་སྐྱོར་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་གལ་ཆེན་ཐོབ་པ་སྟེ། ནད་གཞིས་རྐྱེན་པས་དབུལ་པོར་གྱུར་བ་དང་དབུལ་པོར་བསྐྱར་ལོག་གི་མི་གྲངས་མངོན་གསལ་དོད་པོས་ཉུང་དུ་སོང་ནས་འཕར་ཚུལ་བཀག་འགོག་ནུས་ལྡན་བྱུང་ཡོད། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་2016ལོའི་ཁྲི་41.6ནས་2017ལོའི་ཁྲི་24.6བར་ཉུང་དུ་ཕྱིན་པ་དང་ཉུང་དུ་འགྲོ་ཚད་དབུལ་པོ་ཁྲི་17ཟིན་ཡོད། གཞན་ཡང་། ནད་གཞིས་རྐྱེན་པས་དབུལ་པོར་གྱུར་བ་དང་དབུལ་པོར་བསྐྱར་ལོག་གི་མི་གྲངས་ཁྲི་7.8ནས་ཁྲི་3.8བར་ཉུང་དུ་ཕྱིན་པ་དང་ཉུང་དུ་འགྲོ་ཚད་མི་ཁྲི་4ཟིན་ཡོད།
            ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས“བདེ་ཐང་དབུལ་སྐྱོར་འདུ་འགོད་ལག་བསྟར་ཇུས་གཞི”དང“ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོའི་ནད་ཆེན་ཆེད་དོན་སྐྱོབ་བཅོས་ལས་དོན་ལག་བསྟར་ཇུས་གཞི”སོགས་ཡིག་ཆ་རབ་དང་རིམ་པ་མུ་མཐུད་བཟོས་པ་དང་པར་འགྲེམས་བྱས་ཏེ་བདེ་ཐང་དབུལ་སྐྱོར་ལ་ལམ་ལུགས་ཀྱི་འགན་ལེན་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་དང་འཆར་བཙའ་ཁོངས་གཏོགས་ཀྱིས“འགོ་ཁྲིད་པ་གཙོ་བོས”གཙོ་འགན་ཁུར་བ་དང་། ཟླ་རེར་སྙན་སེང་། ཟླ་གཉིས་རེར་བརྡ་ཁྱབ། དཔྱད་ཞིབ་གདེང་འཇོག དྲིལ་བསྒྲགས་ལྕག་སྐུལ་བཅས་ཀྱི་ལམ་ལུགས་ཁག་བཞི་ཡོངས་ཁྱབ་ངང་བཟོས་ནས་ལམ་ལུགས་བརྒྱུད་བདེ་ཐང་དབུལ་སྐྱོར་ལས་དོན་ཚད་ལྡན་དུ་བཏང་བ་དང་ཤུགས་སྣོན་བརྒྱབ་ཡོད།
           ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ནད་ཆེན་རིགས་9ཡི་རྨང་གཞིའི་ཐོག་རིགས་14བར་མང་དུ་བཏང་བ་མ་ཟད། ད་དུང་རྫོང་ཚན་པར་བྱས་ཏེ“མི་རེར་ཐབས་ཇུས་རེའི”རྩ་དོན་གཞིར་བཟུང་། རེའུ་མིག་བཟོས་ནས་ཐོ་བཤེར་དང་ཁག་དབྱེ་རིགས་དབྱེ་སྐྱོབ་བཅོས་བྱས་ནས“ནད་ཆེན་གཅིག་སྡུད་སྐྱོབ་བཅོས”གནད་སྨིན་ལག་བསྟར་བྱས་པ་རེད། འདི་ལོའི་ཟླ་དྲུག་པའི་ཟླ་མཇུག་བར་ཞིང་ཆེན་ཡོངས་ཀྱི་རིགས་14ཡི་ནད་ཆེན་ཕོག་པའི་མི་2860ཡི་ནང་ནས་མི་2370སྐྱོབ་བཅོས་བྱས་པ་དང་སྐྱོབ་བཅོས་བྱེད་ཚད་82.87%ཟིན་ཡོད།
           མིག་སྔའི་བར་མཚོ་སྔོན་གྱིས་གཞི་རྩའི་སྨན་བཅོས་དང་། ནད་ཆེན་འགན་བཅོལ། དམངས་སྲིད་རོགས་སྐྱོབ། ཚོང་ལས་ཁ་གསབ་སྨན་བཅོས་འགན་བཅོལ་བཅས་འགན་ལེན་ཚད་གཞི་ཁག་བཞི་དམ་ཟབ་ཏུ་བཏང་བ་དང་མཉམ་ཤུགས་ཆགས་པར་བྱས་ཏེ་ནད་ཆེན་མཐའ་སྐྱོང་འགན་ལེན་བྱ་རྒྱུར་སྐུལ་འདེད་བཏང་ནས་བདེ་ཐང་དབུལ་སྐྱོར་ཁ་གསབ་འགན་བཅོལ་ལམ་ལུགས་རིམ་བཞིན་བཙུགས་ཡོད། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་བྱ་ཐབས་བརྒྱུད་ཆེད་མངགས“བདེ་ཐང་འགན་བཅོལ”བཙུགས་ཏེ་མི་འབོར་དབུལ་པོ་ཁྲི་9.3ལ་སྒོར་དུང་ཕྱུར་39.8ཀྱི་འགན་བཅོལ་འགན་ལེན་བྱས་པ་རེད། ཞིང་ཆེན་ཡོངས་ཀྱི་རིམ་ཁག་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་རིམ་རྩིས་བྱས་ན་མང་ཚོགས་ལ་ཁེ་འབབ་སྒོར་དུང་ཕྱུར་2.5ཕྱིར་སློག་པ་དང་ནད་ཆེན་དང་ནད་གཞི་ཚབས་ཆེན་སྨན་བཅོས་རོགས་སྐྱོབ་རིམ་བཞིན་མི་འབོར་དབུལ་པོར་ཁྱབ་ཡོད། 2017ལོར་མི་འབོར་དབུལ་པོ་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་དངོས་སུ་རྩིས་ཞུ་བྱས་པའི་བསྡུར་གྲངས་90%ཙམ་ཟིན་པ་དང“ནད་ལྟ་ཐུབ་པའི”འགན་ལེན་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་བློ་ཡིད་ཚིམ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།