འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅོ་བརྒྱད་པའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཅ་ཁར་ཐར་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་20ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།སྐབས་བཅོ་བརྒྱད་པའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཅ་ཁར་ཐར་འགོ་ཚུགས་པ།
             མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་18ཉིན་གྱི་དགོང་མོ། སྐབས་བཅོ་བརྒྱད་པའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཅ་ཁར་ཐའི་ཕིང་ཅཱ་ནུ་ལུས་རྩལ་ཐང་དུ་འགོ་ཚུགས་པ་རེད། འདི་ནི་ཅ་ཁར་ཐའི་ལོ་རྒྱུས་ཐོག་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་གཉེར་ཐེངས་གཉིས་པ་ཡིན་པ་རེད། ཨེ་ཤེ་ཡའི་རྒྱལ་ཁབ་དང་ས་ཁུལ་45ནས་ཡོང་བའི་ལུས་རྩལ་པ་ཁྲི་1.13ལྷག་ཙམ་གྱིས་ཅ་ཁར་ཐ་དང་རོགས་གཉེར་གྲོང་ཁྱེར་ཅུས་ཀང་དུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཆེ་གྲས་40དང་ཆུང་གྲས་465ཡི་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད།
             སྐབས་འདིའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་འཐུས་མི་ཚོགས་པར་འགྲན་ཞུགས་ལུས་རྩལ་པ་ཁྱོན་845ཡོད་པ་དང་། ཁོང་ཚོས་རྣམ་གྲངས་ཆེ་གྲས་38དང་ཆུང་གྲས་376གི་འགྲན་བསྡུར་ནང་ཞུགས་ཏེ་ཀྲུང་གོའི་ལུས་རྩལ་གྱི་ཉམས་འགྱུར་ངོམ་རྒྱུ་རེད། ཁྲའོ་ཞན་ཕྱེད་གླིང་གི་དར་ཆའི་སྣེ་ཁྲིད་འོག་ཧན་གོ་དང་ཁྲའོ་ཞན་གྱི་འཐུས་མི་ཚོགས་པ་མཉམ་དུ་ལས་རྩལ་ཐང་དུ་འཛུལ་སྐབས་ཚོགས་ར་ཡོངས་ཀྱི་ལྟད་མོ་བས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོས་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་འགོ་འཛུགས་པའི་ཁྱབ་བསྒྲགས་བྱས་རྗེས་ཕིང་ཅཱ་ནུའོ་ལུས་རྩལ་ཐང་ཡོངས་སུ་དགའ་སྤྲོའི་རྣམ་པས་ཁེངས་པ་རེད།
            དེ་རྗེས“ཨེ་ཤེ་ཡའི་ནུས་ཚད་མྱོང་རོལ་བྱེད”ཅེས་བརྗོད་དོན་གཙོ་བོར་བྱས་པའི་འགོ་འཛུགས་རྣམ་པའི་རིག་རྩལ་འཁྲབ་སྟོན་བྱེད་འགོ་ཚུགས་པ་རེད། མི་རྣམས་ཀྱིས་དོ་ཁུར་ཆེན་པོ་བྱས་པའི་དཔལ་འབར་མེ་སྤོར་བའི་མཛད་སྒོས་འགོ་འཛུགས་མཛད་སྒོའི་ཚ་རླབས་སླར་ཡང་འཕྱུར་བ་རེད། མཐར་ཧིན་རྡུ་ཉི་ཞི་ཡའི་བྱ་སྒྲོའི་སྤོ་ལོ་མཁས་ཅན་ཝང་ལན་ཤང་གིས་དཔལ་འབར་གཙོ་བོར་མེ་སྤར་བ་རེད། ཨེ་ཤེ་ཡའི་དཔལ་འབར་མེ་མཆོག་རབ་ཏུ་འབར་ཞིང་། འབྱུང་འགྱུར་གྱི་ཉིན་15ཡི་དུས་ཚོད་ནང་ཨེ་ཤེ་ཡའི་མི་ཀུན་གྱིས་གནས་དེ་གར་དོ་སྣང་བྱ་ངེས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།