འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་གིས་དབུལ་སྐྱོར་རོགས་ལས་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་པེ་ཅིང་དུ་ཕྱིར་འཚོང་བྱ་རྒྱུར་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་08ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཚེས་6ཉིན་གསར་འགོད་པར་པེ་ཅིང་གྲོང་ཁྱེར་དབུལ་སྐྱོར་རོགས་སྐྱོར་མཉམ་ལས་གཞུང་དོན་ཁང་དང་པེ་ཅིང་གྲོང་ཁྱེར་ཚོང་དོན་ཨུ་ལྷན་གྱིས་མཉམ་འབྲེལ་ཐོག་པེ་ཅིང་གྲོང་ཁྱེར་གྱི་དབུལ་སྐྱོར་རོགས་ལས་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་པེ་ཅིང་དུ་ཕྱིར་འཚོང་བྱེད་པའི་ལས་ཀའི་སྐུལ་འདེད་ཚོགས་འདུ་འཚོགས་པ་དང་འབྲེལ་ཚོགས་འདུའི་ཐོག་《དབུལ་སྐྱོར་རོགས་ལས་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་པེ་ཅིང་དུ་ཕྱིར་འཚོང་བྱ་རྒྱུའི་སྐོར་གྱི་པེ་ཅིང་གྲོང་ཁྱེར་གྱི་མཛུབ་ཁྲིད་བསམ་འཆར་》དང་《པེ་ཅིང་གྲོང་ཁྱེར་གྱི་དབུལ་སྐྱོར་རོགས་ལས་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་པེ་ཅིང་དུ་ཕྱིར་འཚོང་བྱེད་པའི་ཁེ་ལས་ཀྱི་མིང་ཐོ་》ཡོངས་བསྒྲགས་བྱས་ཏེ་དབུལ་སྐྱོར་རོགས་ལས་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་པེ་ཅིང་དུ་ཕྱིར་འཚོང་བྱ་རྒྱུར་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་པ་དང་དུས་མཚུངས་རོགས་སྐྱོར་བྱེད་མཁན་དང་བྱ་ཡུལ་གཉིས་པོ་ཁེ་ལས་དང་འབྲེལ་མཐུད་སྔར་བས་སྟབས་བདེ་བ་དང་དབུལ་སྐྱོར་རོགས་ལས་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་པེ་ཅིང་དུ་ཕྱིར་འཚོང་བྱ་རྒྱུར་གནད་སྨིན་སྐུལ་འདེད་བཏང་བ་རེད།
             《བསམ་འཆར་》ནང་པེ་ཅིང་གིས་དབུལ་སྐྱོར་རོགས་ལས་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་གཉིས་གཏོད་ལྟེ་གནས་སྐྲུན་མགྱོགས་སུ་བཏང་སྟེ་གཅིག་སྡུད་འགྲེམས་འཚོང་ལས་སྟེགས་འཛུགས་རྒྱུ་དང་། སྡེབ་འཚོང་ཁྲོམ་ར་དང་། ཚོང་རའི་སྒོ་རྩིས་ཚོང་ཁང་། དྲ་ཐོག་ཚོང་དོན་སོགས་འགྲོ་རྒྱུག་ཁེ་ལས་དང་སྔོ་ཚལ་སིལ་འཚོང་སོགས་དམངས་ཕན་ཚོང་ལས་དྲ་ཚིགས་ལ་སྣེ་ཁྲིད་ཧུར་ཐག་བྱས་ཏེ་ཆ་རྐྱེན་གཅིག་མཚུངས་འོག་དབུལ་སྐྱོར་རོགས་ལས་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་ཉོ་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་ནས་མཐའ་སྣེའི་ཕྱིར་འཚོང་ཐད་སྟབས་བདེའི་ཆ་རྐྱེན་བསྐྲུན་རྒྱུ་ཡིན་པ་འཁོད་ཡོད། 
            ཤེས་རྟོགས་བྱུང་བར་གཞིགས་ན། པེ་ཅིང་གིས་ལོ་གཉིས་བསྟུད་མར་རོགས་སྐྱོར་མཉམ་ལས་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་པེ་ཅིང་དུ་འགྲེམས་འཚོང་བྱེད་པའི་ཚོང་འདུས་གཉེར་བའི་ཁྲོད། 2017ལོའི་ཚོང་འདུས་ཐོག་རོགས་སྐྱོར་མཉམ་ལས་ས་ཁུལ་གྱི་ཁེ་ལས་320ཞུགས་པ་དང་ཐོན་རྫས་སྣ་ཁ་1000ལྷག་ཙམ་བཏོན་པར་རྒྱལ་སའི་གྲོང་མི་ཁྲི་3.8ལྟ་སྐོར་ཉོ་སྒྲུབ་བྱ་རྒྱུའི་ཡིད་དབང་བཀུག་པ་དང་། དྲ་ཐོག་དྲ་ཕྱིར་ཕྱིར་ཚོང་བསྡོམས་སྒོར་ཁྲི་2155ཟིན་པ། པེ་ཅིང་གི་ཁེ་ལས་དང་མ་དངུལ་སྒོར་དུང་ཕྱུར་10.5ཡི་མཉམ་ལས་གྲོས་མཐུན་བཞག་པ་རེད།
            ཚོང་འདུས་ཀྱི་དུས་ཡུན་ཐུང་བ་དང་ཡུན་རིང་གི་དགོས་མཁོ་སྐོང་ཐབས་བྲལ་བའི་དོན་དངོས་ལ་དམིགས་ཏེ། པེ་ཅིང་གྲོང་ཁྱེར་གྱི་ཆུས་ཁག་དང་སྡེ་ཚན་ཁག་གིས་ཚོད་ལྟ་ཡག་པོ་བྱས་པའི་ཁྲོད། རོགས་སྐྱོར་བྱ་ཡུལ་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་གཉིས་གཏོད་ལྟེ་གནས་བསྐྲུན་ནས་སྒོ་རྩིས་ཚོང་ཁང་དུ་ཐད་འཚོང་བྱེད་པ་དང་། སྡེ་ཁུལ་དུ་སིལ་འཚོང་བྱེད་པ། འགྲེམས་ཚོང་སྒྲིག་འཛུགས་བྱེད་པ། དྲ་ཐོག་ཕྱིར་ཚོང་བྱེད་པ་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད་ཁྱད་ལྡན་ཐོན་རྫས་པེ་ཅིང་དུ་ཕྱིར་ཚོང་བྱ་རྒྱུར་སྐུལ་འདེད་གཏོང་བ་སོགས་ཚུད་ཡོད། ཤར་འདབས་གྲོང་ཁུལ་གྱིས་ནང་སོག་ཝུའུ་ལན་ཁྲ་པུ་གྲོང་ཁྱེར་གྱི་ཁྱད་ལྡན་ཐོན་རྫས་ཏུང་ཏན་ཚལ་ཁྲོམ་དུ་འདྲེན་ནས་ཆེད་ཚོང་སྒྲོམ་སྟེགས་བཙུགས་ཡོད། ནུབ་འདབས་གྲོང་ཁུལ་གྱིས་དབུལ་སྐྱོར་རོགས་ལས་ས་ཁུལ་གྱི་ཞིང་འབྲོག་ལས་དང་གསོ་ཚགས་ལས་རིགས་དང་དེའི་ལས་སྣོན་ཐོན་ལས་ཀྱི་ཐོན་སྐྱེད་ཁྱད་ཆོས་ལ་དམིགས་ཏེ། སྤུས་ལེགས་ཀྱི་ཞིང་ཞོར་ཐོན་རྫས་ཁྲོམ་རར་འདྲེན་ནས་ཕྱིར་ཚོང་ཁྲོམ་ར་མཁོ་འདོན་བྱས་པ་དང་ཆབས་ཅིག བསྐྲུན་པའི་མཛའ་མཐུན་གྲོང་ཁྱེར་གྱི་འཚོ་བའི་འབྲེལ་ཐག་ལས་སྟེགས་ཀྱིས་མཛའ་མཐུན་གྲོང་ཁྱེར་ཁག་དང་དབུལ་སྐྱོར་སྦྲེལ་མཐུད་ས་ཁུལ་གྱི་ལྗང་མདོག་ཞིང་ཞོར་ཐོན་རྫས་གཅིག་སྡུད་བྱས་ནས་དྲ་ཕྱིར་འགྲེམས་སྟོན་དང་དྲ་ཐོག་ཕྱིར་ཚོང་བྱས་ཡོད། ཧྲི་ཅིང་ཧྲན་གྱི“སྤྱི་ལེ་གཅིག་གི་ཤིང་ཏོག་དང་སྔོ་ཚལ”གྱིས་སྔོ་ཚལ་དང་ཤིང་ཏོག་སོས་པ་ཕྱིར་ཚོང་ལས་སྟེགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཚོང་ཁང་ནང་ཆེད་ཚོང་སྒྲོམ་སྟེགས་བཙུགས་ནས་དབུལ་སྐྱོར་ས་ཁུལ་གྱི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་ཚོང་བ་དང་ནང་སོག་ཉིང་ཁྲེང་རྫོང་ཏ་ཁྲེང་ཀྲོ་མ་ཀྲུ་དང་སོ་ལོ་སྔོན་པོ་སོགས་སྔོ་ཚལ་ཉོ་སྒྲུབ་གྲོས་མཐུན་བཞག་སྟེ་ཉིན་ལྟར་ཉིང་ཁྲེང་རྫོང་གི་སྔོ་ཚལ་རྒྱ་མ་ཆིག་ཁྲི་ཡན་བཙོངས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།