འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་སྟོད་དུ་རང་རྒྱལ་གྱི་ཁྱིམ་སྤྱོད་གློག་ཆས་དྲ་ཐོག་ནས་ཉོ་བའི་གཞི་ཁྱོན་སྒོར་དུང་ཕྱུར་2600ལྷག་ཙམ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་08ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་6ཉིན། གསར་འགོད་པར་བཟོ་འཕྲིན་པུའུ་སའེ་ཏི་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ཁྱིམ་སྤྱོད་གློག་ཆས་དྲ་ཐོག་ནས་ཉོ་བའི་ཁྲོམ་རའི(སྒུལ་བདེའི་མཐའ་སྣེ་ཚུད་པ)གཞི་ཁྱོན་སྒོར་དུང་ཕྱུར་2641ཟིན་པ་དེ་དུས་མཚུངས་ལས་22%འཕར་ཡོད། གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་བྱེད་པའི་རླབས་རྒྱུན་དྲག་པོའི་འོག་དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་ཀྱི་ཁྱིམ་སྤྱོད་གློག་ཆས་སིལ་འཚོང་གི་ལས་རྣམ་གསར་པ་རིམ་བཞིན་མངོན་གྱི་ཡོད།
           བཟོ་འཕྲིན་པུའུ་སའེ་ཏི་ཞིབ་འཇུག་ཁང་གིས་ཁྱབ་བསྒྲགས་བྱས་པའི་《2018ལོའི་ལོ་སྟོད་ཀྱི་ཁྱིམ་སྤྱོད་གློག་ཆས་དྲ་ཐོག་ནས་ཉོ་བའི་དབྱེ་ཞིབ་སྙན་ཞུ་》ལས་མངོན་དོན། ལོ་སྟོད་དུ་ཁྱིམ་སྤྱོད་གློག་ཆས་དང་སྒུལ་བདེའི་མཐའ་སྣེའི་ཐོན་རྫས་དྲ་ཐོག་ཁྲོམ་རར་ཧ་ཅང་བྲིན་ཁ་རྒྱུག་པོ་ཡོད་པར་བརྟེན་འཛད་སྤྱོད་ཁྲོམ་ར་ཡོངས་ལ་སྐུལ་སྤེལ་གཏོང་བའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད། མཁའ་རླུང་སྙོམས་སྒྲིག་འཕྲུལ་ཆས་དང་། འཁྱགས་སྒམ། གོས་འཁྲུད་འཕྲུལ་ཆས། ཁྱིམ་སྤྱོད་གློག་ཆས་ཆུང་ངུ་སོགས་ཁྱིམ་སྤྱོད་གློག་ཆས་ཀྱི་ཐོན་རྫས་མང་ཆེ་བ་དྲ་ཐོག་ཏུ་བྲིན་ཁ་རྒྱུག་ཚད་30%བརྒལ་ཏེ་རྒྱལ་ཡོངས་ཀྱི་སིལ་འཚོང་གི་ཆ་སྙོམས་འཕར་ཚད་ལས་མཐོ་བ་ཡོད་པ་རེད།
          དེ་དང་དུས་མཚུངས་གསར་དར་ཁྱིམ་སྤྱོད་གློག་ཆས་ཁག་གཅིག་གི་དྲ་ཐོག་ཁྲོམ་རའི་ལེགས་ཆ་སྔར་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ལོ་སྟོད་དུ་རྡུལ་འཐེན་འཕྲུལ་ཕྱགས་དྲ་ཐོག་ནས་སིལ་འཚོང་བྱས་པ་དེ་ནི་དྲ་ཕྱི་ལས་ལྡབ་གཉིས་ཀྱིས་མང་བ་བཙོངས་ཡོད་པ་དང་། འཕྲུལ་མི་གད་ཕྱགས་དྲ་ཐོག་ནས་སིལ་འཚོང་བྱས་པ་དེ་ནི་དྲ་ཕྱི་ལས་ལྡབ་བརྒྱད་ཀྱིས་མང་བ་བཙོངས་ཡོད། དྲ་ཐོག་ཏུ་ཆུ་དྭངས་གཙང་ཡོང་བའི་སྒྲིག་ཆས་དང་རླབས་ཐབ་དཔེ་གསར་སོགས་ཀྱི་ཐོན་རྫས་བྲིན་འཚོང་བྱེད་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། ཁྱིམ་སྤྱོད་གློག་ཆས་ཆུང་ངུའི་ཁྲོད་དུ་རླུང་འབུད་འཕྲུལ་འཁོར་དང་མཛེས་བཟོའི་ཡོ་བྱད་སོགས་བྲིན་ཁ་རྒྱུག་པོ་ཡོད་པ་རེད།
          ཐོན་རྫས་རྩེ་གྲ་དྲ་ཐོག་ནས་འཚོང་རྒྱུ་ཧ་ཅང་མངོན་གསལ་དོད་དུ་ཕྱིན་ཞིང་། སྒོར་5000ནས་6999བར་གྱི་མཁའ་རླུང་སྙོམས་སྒྲིག་འཕྲུལ་ཆས་ནི་དྲ་ཐོག་ཁྲོམ་རར་བྲིན་ཁ་རྒྱུག་ཤོས་ཀྱི་གྲས་ཡིན་པ་དང་། སིལ་འཚོང་བྱེད་ཚད་58.8%འཕར་བ་དང་། སྒོར་4500ནས་6499བར་གྱི་གོས་འཁྲུའི་འཕྲུལ་ཆས་ནི་དྲ་ཐོག་ཁྲོམ་རར་བྲིན་ཁ་རྒྱུག་ཤོས་ཀྱི་གྲས་ཡིན་པ་རེད། འཛད་སྤྱོད་རིམ་སྤོར་ཆེན་པོ་བྱེད་པའི་རླབས་རྒྱུན་འོག་ཀྲུང་གོའི་ཁྱིམ་སྤྱོད་གློག་ཆས་ལས་རིགས་ཀྱང་གྲུབ་ཆ་ཅན་དང་། ཐོན་རྫས་རིམ་སྤོར། སྤུས་ཚད་ལེགས་གཏོང་བཅས་ཀྱི་དུས་མཚམས་གསར་པར་སླེབས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།