འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅོ་བརྒྱད་པའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་འཐུས་མི་ཚོགས་པ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་08ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།སྐབས་བཅོ་བརྒྱད་པའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་འཐུས་མི་ཚོགས་པ་བཙུགས་པ།
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་6ཉིན་སྐབས་བཅོ་བརྒྱད་པའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་བཙུགས་པ་དང་སྐུལ་སློང་ཚོགས་ཆེན་པེ་ཅིང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་སུ་འཚོགས་ཤིང་། གོང་གི་པར་རིས་ནི་འཐུས་མི་ཚོགས་པའི་ཁོངས་མིས་ཚོགས་ཆེན་ཐོག་དམ་བཅའ་འཇོག་པའི་གནས་ཚུལ་ཡིན་པ་རེད།
            ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་གྱི་སྔ་དྲོ། སྐབས་བཅོ་བརྒྱད་པའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་པའི་འཐུས་མི་ཚོགས་པ་བཙུགས་པ་དང་སྐུལ་སློང་ཚོགས་ཆེན་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་སུ་འཚོགས་པ་རེད། ཀྲུང་གོའི་ལུས་རྩལ་པ་845ཅ་ཁར་ཐའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་ཆེ་བ་38དང་ཆུང་བ་376ནང་ཞུགས་རྒྱུ་ཡིན་པ་རེད།
           སྐུལ་སློང་ཚོགས་ཆེན་ཐོག་འཐུས་མི་ཚོགས་པའི་འགོ་ཁྲིད་ཀྱིས་འཐུས་མི་ཚོགས་པའི་ཚོགས་པ་གྲུབ་པའི་གནས་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ་འཐུས་མི་ཚོགས་པའི་གནས་སྐབས་ཏང་ཨུད་བཙུགས་པའི་ཁྱབ་བསྒྲགས་གནང་བ་རེད། དེ་རྗེས་འཐུས་མི་ཚོགས་པས་དམ་བཅའ་འཇོག་པའི་མཛད་སྒོ་འཚོགས་པ་དང་ལུས་རྩལ་པ་དང་རྩལ་འཁྲིད་པའི་འཐུས་མིས་ཁག་སོ་སོར་གཏམ་བཤད་བྱས་ཤིང་། ལུས་རྩལ་རུ་ཁག་ཁག་གིས“འགྲན་བསྡུར་གྱི་སྤྱོད་ཚུལ་དང་འགྲན་བསྡུར་གྱི་སྒྲིག་ལམ་དང་དེ་བཞིན་ངར་སློང་སྨན་ལ་ངོ་རྒོལ་བྱེད་པའི་ལས་ཀའི་འགན་འཁྲིའི་ཡི་གེ”ཕུལ་བ་རེད།
           2017ལོའི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་ཀུན་ཐུབ་ལུས་རྩལ་གྱི་ཨང་དང་པོ་བླངས་མཁན་ཤའོ་རུའོ་ཐེང་གིས་ལུས་རྩལ་པའི་ཚབ་ཞུས་ནས་གཏམ་བཤད་བྱས་ཤིང་། ཁོང་གིས“ལོ་བཞི་རེར་ཐེངས་རེ་གཉེར་བའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོཌ་ནི་ཨེ་ཤེ་ཡའི་རྩལ་འགྲན་ཆུ་ཚད་མཐོ་ཤོས་ཀྱི་ལུས་རྩལ་གཟབ་རྒྱས་ཤིག་རེད་ལ། 2020ལོའི་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་མདུན་ཕྱོགས་ཀྱི་འཐབ་ས་ཞིག་ཀྱང་རེད། ལུས་རྩལ་པའི་ངོས་ནས་བརྗོད་ནའང་། སྦྱོང་བརྡར་གྱི་འབྲས་བུ་དང་རྩལ་འགྲན་གྱི་སྟོབས་ཤུགས་ལ་ཞིབ་བཤེར་བྱེད་པའི་ཐོབ་པར་དཀའ་བའི་རྩ་ཆེའི་གོ་སྐབས་ཤིག་ཀྱང་རེད། ཅ་ཁར་ཐའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་རའི་ཐོག(ང་ཚོས)ལུས་རྩལ་གྱི་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གཉིས་ཀར་གྲུབ་འབྲས་ཐོབ་པའི་འགྲན་ཞུགས་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེཌ་གྲུབ་བྱ་རྒྱུ་ཡིན”ཞེས་བཤད།
           ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ནང་འགྲན་བསྡུར་གྱི་རྣམ་གྲངས་ཆེ་བ་40དང་ཆུང་བ་465བཀོད་སྒྲིག་བྱས་པའི་ནང་འགྲན་བསྡུར་རྣམ་གྲངས་ཆེ་བ་32དང་ཆུང་བ་330ནི་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་རྣམ་གྲངས་ཀྱི་ཁོངས་སུ་གཏོགས་ཡོད། སྐབས་འདིའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་ཀྱི་ཁྱད་ཆོས་ནི་གང་ཐུབ་ཅི་ཐུབ་ཀྱིས་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་དང་ཉེ་བཅར་བྱ་རྒྱུ་དང་ཆབས་ཅིག་སྐབས་འདིའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ནང་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་མིན་པའི་ཐད་གང་ཐུབ་ཅི་ཐུབ་ཀྱིས་ཨེ་ཤེ་ཡའི་ཁྱད་ཆོས་མངོན་པ་བྱ་རྒྱུ་རེད།
            ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་གཱ་པ་ཏི་དང་ལྗིད་འདེགས་ཕུད་པའི་འགྲན་བསྡུར་རྣམ་གྲངས་ཆེ་བ་38དང་ཆུང་བ་376ནང་ཞུགས་རྒྱུ་ཡིན་པའི་ནང་འགྲན་བསྡུར་རྣམ་གྲངས་ཆེ་བ་31དང་ཆུང་བ་296ནི་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཡིན་པ་རེད། སྐབས་འདིའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་འཐུས་མི་ཚོགས་པའི་འགྲན་ཞུགས་རུ་མི་ནི་ན་གཞོན་ལུས་རྩལ་པ་གཙོ་བོར་བྱས་པ་དང་ལོ་ན་ཆུང་ཤོས་ཆུ་རྐྱལ་ལུས་རྩལ་པ་ལོ་13ལ་སླེབས་པའི་ཝང་དབྱི་ཁྲུན་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།