འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་བོད་ཡིག་རིགས་གཉིས་ལྡན་གྱི་ལག་ཐོགས་ཁ་པར་ཞལ་འདེབས་རྒྱག་པའི་དྲ་རྒྱའི་དབུལ་སྐྱོར་གྱི་
    སྤྱི་ཕན་བྱེད་སྒོའི་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་01ཉིན། 12:34】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་30ཉིན་གྱི་སྔ་དྲོ། རྒྱ་བོད་ཡིག་རིགས་གཉིས་ལྡན་གྱི་ལག་ཐོགས་ཁ་པར་ཞལ་འདེབས་རྒྱག་པའི་དྲ་རྒྱའི་དབུལ་སྐྱོར་གྱི་སྤྱི་ཕན་བྱེད་སྒོའི་ཡོངས་བསྒྲགས་ཚོགས་འདུ་དང་དྲ་རྒྱའི་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ཐོག་མི་དམངས་དྲ་བས་རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པའི“བོད་ཀྱི་ཆ་འཕྲིན་ཤར་གཏོང”བཀོལ་སྤྱོད་ལས་སྟེགས་དངོས་སུ་སྤྱོད་འགོ་ཚུགས་པ་རེད།
             ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་བོད་འདི་ཉིད་དྲ་རྒྱའི་དབུལ་སྐྱོར་བྱ་སྤྱོད་འཆར་གཞིའི་ཚོད་ལྟའི་ཞིང་ཆེན་བདུན་གྱི་གྲས་སུ་བཅུག་པ་རེད། 2016ལོ་ནས་བཟུང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་བོད་རིགས་ས་ཁུལ་གྱི་མང་ཚོགས་དབུལ་པོར་རྒྱ་བོད་ཡིག་རིགས་གཉིས་ལྡན་གྱི་སྒུལ་བདེའི་དྲ་སྦྲེལ་ཆ་འཕྲིན་ཞབས་འདེགས་ཞུས་པ་དང་འབྲེལ། དྲ་རྒྱའི་ཁེ་ལས་སྣེ་ཁྲིད་དང་སྒྲིག་འཛུགས་བྱས་ནས་བོད་ལྗོངས་སུ་རྒྱ་བོད་ཡིག་རིགས་གཉིས་ལྡན་གྱི་ལག་ཐོགས་ཁ་པར་གྱི་དྲ་རྒྱའི་དབུལ་སྐྱོར་རྣམས་གྲངས་ལ་སྒོར་ཁྲི་2900ཞལ་འདེབས་བརྒྱབ་པ་དང་སྦྲགས། རང་རྒྱལ་ནས་ཐོན་པའི་རྒྱ་བོད་ཡིག་རིགས་གཉིས་ལྡན་གྱི་ལག་ཐོགས་ཁ་པར་ཁྲི་2ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་བཏང་ཡོད་པ་རེད།
            ཀྲུང་གོ་དྲ་སྦྲེལ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་འགོ་འཛིན་མཱ་ལིས་ད་ཐེངས་སྤྱི་ཕན་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་བོད་ལྗོངས་ཀྱི་ཞིང་འབྲོག་པ་མང་ཚོགས་ལ་དྲ་སྦྲེལ་གྱི་ལག་ཆ་འདི་དངོས་ཡོད་ཐོན་སྐྱེད་དང་འཚོ་བའི་ཁྲོད་སྤྱོད་རོགས་བྱས་ནས་བོད་ལྗོངས་ས་ཁུལ་ཡོངས་ཀྱི་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་རོགས་སྐྱོར་བྱ་རྒྱུ་དེ་རེད། གོམ་སྟབས་རྗེས་མར། ཐེབས་རྩ་ལྷན་ཚོགས་ཀྱིས་སྤྱི་ཚོགས་རྩ་འཛུགས་ཀྱི་ལས་སྟེགས་ཀྱི་ལེགས་ཆར་མུ་མཐུད་བརྟེན་པ་དང་། སྤྱི་ཚོགས་ལས་རིགས་ཁག་དང་མཉམ་ལས། དྲ་རྒྱའི་དབུལ་སྐྱོར་གྱི་ཆེད་དོན་ཐེབས་རྩའི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ནང་ཞུགས་པ་དང་དུས་མཚུངས་དྲ་རྒྱའི་སྤྱི་ཕན་བྱ་གཞག་འཕེལ་རྒྱས་ཡག་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
             ཚེས་30ཉིན། པེ་ཅིང་མི་དམངས་དྲ་ཐོག་དྲ་རྒྱ་ཚད་ཡོད་ཀུང་སིས་རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པའི“བོད་ཀྱི་ཆ་འཕྲིན་ཤར་གཏོང”APPདངོས་སུ་སྤྱོད་འགོ་ཚུགས་ཤིང་། མ་ལག་དེར་གྲངས་གཞི་ཆེན་པོ་དང་མི་ཐབས་རིག་ནུས་སོགས་སྔོན་ཐོན་གྱི་ལག་རྩལ་འདུས་པ་དང་། སྲིད་དོན་ཆ་འཕྲིན་ཅན་གྱི་ལས་སྟེགས་དང་། དྲ་ཐོག་ཀུན་སྤྱོད་འཕྲལ་སྒྲུབ་བཀོད་འདོམས་མ་ལག མི་ཐབས་རིག་སྟོབས་ལས་སྟེགས་བཅས་གསར་སྤེལ་བྱས་ཡོད་ལ། རྒྱ་བོད་ཡིག་རིགས་གཉིས་ལྡན་གྱི་བེད་སྤྱོད་བྱེད་སྟངས་སྤྱད་ཡོད་པས། བཀོལ་སྤྱོད་བདེ་བ་དང་རྒྱ་བོད་ཡིག་རིགས་གཉིས་སྦྲེལ་མཐུད་དམ་ཟབ་དང་བོད་རིགས་ས་ཁུལ་ཡོངས་སུ་ཁྱབ་སྤེལ་ཐུབ་ནས་སྤྱོད་མཁན་མི་འདྲ་བའི་དབར་དང་། སྡེ་ཚན་དབར། ས་ཁོངས་དབར་མགྱོགས་མྱུར་འབྲེལ་གཏུག་ཐུབ་ཀྱི་ཡོད། “བོད་ཀྱི་ཆ་འཕྲིན་ཤར་གཏོང”གཞི་གཅིག་ཅན་གྱི་མཉམ་སྒྲུབ་ལས་སྟེགས་ལ་བརྟེན་ནས་བཀོད་སྤྱོད་གཞན་དང་སྦྲེལ་མཐུད་ཐུབ་པ་དང་དབུལ་སྐྱོར་གྱི་འབྲེལ་ཡོད་བཀོལ་སྤྱོད་ཁ་སྣོན་ཐུབ་པས། བོད་རིགས་དང་རྒྱ་རིགས་མང་ཚོགས་ལ་སྟབས་བདེའི་ཞབས་འདེགས་ཞུ་བ་དང་། “བོད་ཀྱི་ཆ་འཕྲིན་ཤར་གཏོང་+དྲ་རྒྱའི་དབུལ་སྐྱོར”མངོན་འགྱུར་ཐུབ་ནས། ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོ་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཆེད་སྟབས་བདེ་ཆེན་པོ་བསྐྲུན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།