འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།དུད་ཚང་དགུ་ཡི་གནམ་གཤིས་ལྟ་ཞིབ་ཚད་འཇལ་ས་ཚིགས་སྐྲུན་ཆེད་ཡུལ་སྨད་དུ་ཐེངས་
    ལྔ་བསྐྱོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་23ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “དྲོད་ཚད་ཧྲེ་ཧྲི་ཏུའུ་14.3དང་། གཤེར་ཚད་80% རླུང་ཤུགས་སྐར་ཆ་གཅིག་ལ་སྨི་2.1ལ་སོགས”བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གནམ་གཤིས་ཅུས་ཀྱི་ས་ངོས་གནམ་གཤིས་ལྟ་ཞིབ་ཚད་འཇལ་དང་ལྟ་སྐུལ་ཚོད་འཛིན་ལས་སྟེགས་ཐོག་མངོན་པའི་གནམ་གཤིས་གྲངས་གཞི་དེ་ལས་ཡུལ་སྨད་ཤང་གི་མི་མེད་རང་འགུལ་གནམ་གཤིས་ལྟ་ཞིབ་ཚད་འཇལ་ས་ཚིགས་དངོས་སུ་སྤྱོད་འགོ་ཚུགས་པ་དང་། ཡུལ་སྨད་ཤང་དུ་གནམ་གཤིས་ལྟ་ཞིབ་ཚད་འཇལ་གྲངས་གཞི་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་མཚོན་ཡོད་པ་རེད།
        བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ནི་རང་རྒྱལ་གྱི་མི་འབོར་ཉུང་ཤོས་ཀྱི་སྲིད་འཛིན་ཤང་ཡིན་པ་དང་ཤང་ཡོངས་ལ་དུད་ཚང་9དང་མི་32ལས་མེད། མི་འབོར་ཉུང་ཤོས་སྐབས་སུ་དེ་གར་དུད་ཚང་གཅིག་དང་མི་གསུམ་ལས་མེད་པས“མི་གསུམ་གྱི་ཤང”ཞེས་བརྗོད་ཀྱི་ཡོད། ཡུལ་སྨད་ཤང་ནས་ལྷུན་རྩེ་རྫོང་བར་ཐད་ཀར་བསྐྱོད་ན་བར་ཐག་སྤྱི་ལེ་40ལས་མེད་མོད། འོན་ཀྱང་དེར་སྐྱོད་དུས་ས་བབ་སྨི་4500ཡན་གྱི་རི་བོ་3བརྒལ་དགོས་པས་ལམ་ཐག་སྤྱི་ལེ་200ལྷག་ཙམ་སྐོར་དགོས་ཀྱི་ཡོད། དེ་སྔ་ལོ་ལྟར་ཟླ་བ་11པ་ནས་ཕྱི་ལོའི་ཟླ་བ་དྲུག་པའི་བར་གངས་བབས་ནས་རི་ལམ་འགགས་ཀྱི་ཡོད་པས་ཕྱིར་སྐྱོད་མི་ཐུབ་ལ་ནང་དུའང་འགྲོ་མི་ཐུབ་པའི“ཁེར་ཆགས་གླིང་ཕྲན”ལྟ་བུར་གནས།
         བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱི་ཅུས་ཀྲང་ཤང་ཡུས་དབྱིས་ཡུལ་སྨད་ཤང་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་ངོས་རོང་ཁུལ་དུ་ཆགས་པ་དང་། ཧིན་རྡུ་རྒྱ་མཚོའི་དུས་རླུང་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་པས་ཡུལ་དེའི་གནམ་གཤིས་འགྱུར་ལྡོག་ཆེ་བ་དང་ཆར་ཆུ་འབེལ་པོ་ཡོད། དེ་སྔ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཞན་པས་དེར་གནམ་གཤིས་ལྟ་ཞིབ་ཚད་འཇལ་ས་ཚིགས་འཛུགས་ཐུབ་མེད་པའི་དབང་གིས་ཡུལ་དེའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         2018ལོའི་ལོ་འགོར་བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་ཡུལ་སྨད་ཤང་གི་གནམ་གཤིས་ལྟ་ཞིབ་ཚད་འཇལ་ས་ཚིགས་ཀྱི་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་འགོ་བཙུགས་ཡོད། ཟླ་བ་དང་པོ་ནས་བདུན་པའི་ཟླ་འགོའི་བར་གནམ་གཤིས་ལག་རྩལ་མི་སྣས་གངས་ཆར་དང་སྨུག་པའི་ཁྲོད་རྦབ་རྡོ་མང་བ་དང་འགྲོ་སྐྱོད་ཆ་རྐྱེན་ཞན་པ་སོགས་ཀྱི་དཀའ་ངལ་ཁྱད་དུ་བསད་དེ་ཡུལ་སྨད་དུ་ཐེངས་ལྔ་བསྐྱོད་ནས་བོད་ལྗོངས་གནམ་གཤིས་སྡེ་ཚན་གྱི་རང་འགུལ་གནམ་གཤིས་ས་ཚིགས་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་དུས་འཁོར་རིང་ཤོས་ཀྱི་ས་ཚིགས་འཛུགས་སྐྲུན་གྱི་ཟིན་ཐོ་བཏོད་ཡོད་པ་རེད།
         ཟླ་བ་ལྔ་པའི་ཟླ་དཀྱིལ་དུ་ལྷོ་ཁ་གྲོང་ཁྱེར་གནམ་གཤིས་ཅུས་ཀྱི་བརྟག་ཞིབ་པ་གཞོན་པ་མིག་དམར་གྱིས་ལག་རྩལ་མི་སྣ་ཁྲིད་དེ་ཡུལ་སྨད་དུ་ཐེངས་གསུམ་པ་བསྐྱོད། ཡུལ་སྨད་ཤང་དང་བར་ཐག་སྤྱི་ལེ་10ཙམ་ལས་མེད་པའི་སར་འབྱོར་སྐབས་རི་སྟེང་ནས་རྦབ་རྡོ་མང་པོ་ལྷུང་ནས་གནམ་གཤིས་ལས་སྒྲུབ་རླངས་འཁོར་མདུན་དུ་སྐྱོད་ཐབས་བྲལ། ཁོང་ཚོས་མུན་ནག་ཁྲོད་ལག་བཞུ་ཁྱེར་ཏེ་རྐང་ཐང་མར་སྤྱི་ལེ་1ལྷག་ཙམ་གྱི་སྡོང་ཕྲན་ནགས་ཚལ་བསྒྲལ་རྗེས་ཡུལ་སྨད་ཤང་གི་སྒེར་གྱི་རླངས་འཁོར་གཏོང་མཁན་དང་འབྲེལ་བ་བྱས།
         “བསྟུད་མར་ཆར་པ་བབས་པས་འགྲོ་ལམ་འདམ་རྫབ་ཀྱིས་ཁེངས་ཏེ་རློན་འདྲེད་ཆེ་སྟབས་སྤྱི་ལེ་10ལྷག་ཙམ་ལས་མེད་པའི་ལམ་དུ་རླངས་འཁོར་བཏང་ནས་ཆུ་ཚོད་གཉིས་ལྷག་ཙམ་འགོར་བྱུང་། གཟབ་གཟབ་མ་བྱས་ན་སྨི་བཅུ་ཕྲག་ལྷག་གི་གྲོག་རོང་ནང་ཟགས་པའི་ཉེན་ཁ་ཆེན་པོ་འདུག”ཅེས་ལག་རྩལ་མི་སྣ་བཀྲ་ཤིས་ནོར་བུས་བཤད།
        ཟླ་6ཚེས་19ཉིན་མིག་དམར་གྱིས་ལག་རྩལ་མི་སྣ་ཁྲིད་དེ་ཡུལ་སྨད་དུ་ཐེངས་ལྔ་པ་བསྐྱོད་ནས་རང་འགུལ་གནམ་གཤིས་ས་ཚིགས་ཀྱི་སྒྲིག་ཆས་སྒྲིག་སྦྱོར་དང་མཉེན་ཆས་སྙོམས་སྒྲིག་ཚོད་ལྟ་སོགས་ཀྱི་འགག་རྩའི་ལས་གྲྭ་ལག་ལེན་བསྟར་བ་རེད། “ས་ཚིགས་འཛུགས་པའི་ཉིན་ཤས་རིང་ཆར་པ་ཚད་མེད་བབས་པ་དང་དུས་ཚོད་དམ་འཛིན་བྱ་ཆེད་ཆར་པའི་ཁྲོད་ལས་ཀ་བྱེད་དགོས་བྱུང་། དེའི་རིང་ང་ཚོ་ཚང་མར་སྟབས་བདེའི་ཐུག་པ་དང་རྩམ་པ་ཟ་བ་ལས་ལྟོ་ཡག་པོ་ཞིག་བཟའ་རྒྱུ་མ་བྱུང་། མཚན་མོར་ལག་རྩལ་མི་སྣ་ལྔ་པོ་སྨི་ངོས་གྲུ་15ལས་མེད་པའི་སྟབས་བདེའི་ཁང་པའི་ནང་ཉལ་དགོས་སྟབས་འབུ་སྲིན་གྱི་སོ་མང་པོ་བརྒྱབ་འདུག”ཅེས་མིག་དམར་གྱིས་བཤད་པ་རེད།
         ཟླ་6ཚེས་22ཉིན་གྱི་ཆུ་ཚོད་12པར་ཡུལ་སྨད་ཤང་གི་རང་འགུལ་གནམ་གཤིས་ལྟ་ཞིབ་ཚད་འཇལ་ས་ཚིགས་ཀྱི་ཚད་ལེན་ཚོད་ལྟའི་གྲངས་གཞི་དང་པོ་གྲུབ་འབྲས་ཐོན་པའི་ངང་འཚོལ་བསྡུ་ཐུབ་ཅིང་། ལག་ཐོགས་ཁ་པར་ནང་རྒྱབ་ཕྱོགས་ནས་བསྐུར་བའི་ལྟ་ཞིབ་ཚད་ལེན་གྲངས་གཞིའི་པར་མཐོང་སྐབས། དེར་ཡོད་པའི་ལག་རྩལ་མི་སྣ་ཚང་མས་སེམས་འགུལ་ཟབ་མོ་ཐེབས་ནས་དགའ་འབོད་བྱེད་པ་དང་ཕན་ཚུན་འཐམས་ནས་རྟེན་འབྲེལ་ཞུས།
         “དེ་སྔ་ཡུལ་སྨད་ཤང་གི་རྒྱུན་ལྡན་གྱི་གནམ་གཤིས་གྲངས་གཞི་ཁོང་དུ་ཡང་དག་ཆུད་མི་ཐུབ་པས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ། དེ་བཞིན་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཐད་སྟབས་བདེ་མེད། གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་བཙུགས་རྗེས་ཡུལ་དེའི་མི་སེར་ཚོས་སྤུས་ལེགས་དང་ལས་ཕྱོད་མཐོ་བའི་གནམ་གཤིས་སྔོན་བརྡའི་ཞབས་ཞུ་ལོངས་སྤྱོད་ཐུབ་པས། མེས་རྒྱལ་གྱི་མངའ་ཁོངས་ས་ཆའི་རྩྭ་རྩི་ཤིང་ཚུན་ཆད་སྲུང་སྐྱོང་སྔར་བས་ཡག་པོ་བྱེད་ཐུབ”ཅེས་ཡུལ་སྨད་ཤང་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བས་བཤད་པ་རེད།
         མིག་དམར་གྱིས“ཡུལ་སྨད་ཤང་དུ་དུད་ཚང་9ལས་མེད་མོད། འོན་ཀྱང་འདི་ནི་རང་རེའི་རྒྱལ་ཁབ་ཀྱི་ས་ཆ་ཡིན། མཐའ་མཚམས་མི་དམངས་ལ་སྤུས་ལེགས་ཀྱི་གནམ་གཤིས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་ནི་ང་ཚོ་གནམ་གཤིས་ལས་བྱེད་མི་སྣའི་འགན་འཁྲི་ཡིན”ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།