འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་ཐ་ལིར་འགྲོ་མཁན་ཀྲུང་གོའི་ཕྱི་སྦྱོང་སློབ་མའི་མི་གྲངས་རྒྱུན་མཐུད་ངང་འཕར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་23ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དབྱི་ཐ་ལིའི་སློབ་ཆེན་མནའ་འབྲེལ་གྱིས་ཡོངས་བསྒྲགས་བྱས་པའི་བརྟག་ཞིབ་གསར་ཤོས་ཤིག་ལས་མངོན་དོན། ཉེ་བའི་ལོ་འགའ་ཤས་ནང་དབྱི་ཐ་ལིར་འགྲོ་མཁན་ཕྱི་སྦྱོང་སློབ་མའི་མི་གྲངས་མགྱོགས་མྱུར་འཕར་བའི་རྣམ་པ་ཐོན་ནས་ཀྲུང་གོའི་ཕྱི་སྦྱོང་སློབ་མའི་མི་གྲངས་འཕར་མང་བ་དང་། སྒྱུ་རྩལ་རིགས་ཀྱི་རིག་ཚན་དེ་ཉིད་ཀྲུང་གོའི་སློབ་མས་དབྱི་ཐ་ལིར་སློབ་སྦྱོང་དུ་འགྲོ་སྐབས་དགའ་ཤོས་བྱེད་པའི་རིག་ཚན་ཞིག་ཏུ་གྱུར་ཡོད།
         དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ཡོངས་བསྒྲགས་བྱས་པའི་གོ་ལ་ཧྲིལ་པོའི་རྒྱལ་ཁབ་ཁག་གི་སློབ་ཆེན་གྱི་ཡིད་དབང་འགུག་ནུས་ཀྱི་བང་རིམ་ཁྲོད་དབྱི་ཐ་ལི་ཨང་བརྒྱད་པར་སླེབས་ཡོད།
         དབྱི་ཐ་ལིའི་སྨྱན་སྦྱོར་གྱིས་ཉེ་བའི་ལོ་10ཡི་རིང་། སྒྱུ་རྩལ་གྱི་ཉམས་སྣང་གིས་ཕྱུག་པའི་དབྱི་ཐ་ལིར་དགའ་པོ་བྱེད་མཁན་ཀྲུང་གོའི་སློབ་མ་དང་ཁྱིམ་བདག་སྔར་བས་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། 2006ལོར་ཀྲུང་གོའི་སློབ་མས་ཕྱི་རྒྱལ་གྱི་ཕྱི་སྦྱོང་སློབ་མའི་བསྡོམས་འབོར་གྱི་1%ལས་བཟུང་མེད་ནའང་ད་ཆ་གྲངས་འབོར་དེ་9.2%ཟིན་གྱི་ཡོད། དབྱི་ཐ་ལིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གྲངས་གཞི་ལྟར་ན། མིག་སྔར་དབྱི་ཐ་ལིར་སློབ་སྦྱོང་བྱེད་མཁན་ཀྲུང་གོའི་སློབ་མ་ཁྲི་2ཙམ་ཡོད་ཅེས་བརྗོད།
         དབྱི་ཐ་ལིའི་སློབ་གསོའི་ལྟེ་གནས་ཀྱི་གྲངས་གཞི་ལས་མངོན་དོན། 2017ལོར་ཀྲུང་གོའི་ཕྱི་སྦྱོང་སློབ་མས་དབྱི་ཐ་ལིའི་སློབ་ཆེན་གྱི་ཡོ་རོབ་མནའ་འབྲེལ་མ་ཡིན་པའི་རྒྱལ་ཁབ་ཀྱི་སློབ་མའི་བསྡོམས་འབོར་གྱི་24%བཟུང་བ་དེ་ནི་ཕྱི་སྦྱོང་སློབ་མའི་ཚོགས་སྤྱི་གཙོ་བོའི་གྲས་ཤིག་རེད། སྨི་ལན་བཟོ་སྐྲུན་རིག་པའི་སློབ་ཆེན་དང་། ཐུ་རིན་བཟོ་སྐྲུན་རིག་པའི་སློབ་ཆེན། སྨི་ལན་སློབ་ཆེན་སོགས་མཐོ་སློབ་ནི་ཀྲུང་གོའི་སློབ་མས་འགྲོ་འདོད་ཆེ་ཤོས་བྱེད་པའི་སློབ་གྲྭ་ཡིན་པ་རེད། དེའི་ཁྲོད་ནས་བཟོ་སྐྲུན་དང་། ཨར་སྐྲུན། རྩོམ་རིག་དང་སྐད་ཡིག སྒྱུ་རྩལ་སོགས་ཆེད་ལས་ལ་ཀྲུང་གོའི་ཕྱི་སྦྱོང་སློབ་མས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཀྲུང་གོའི་སློབ་མ་དེ་བས་མང་བའི་ཡིད་དབང་བཀུག་ནས་མིང་ཐོ་འགོད་པར་སྟབས་བདེ་བསྐྲུན་ཆེད། བྷོ་ལོན་ནཱ་སློབ་ཆེན་དང་བྷི་སཱ་སློབ་ཆེན་ཚུད་པའི་མཐོ་སློབ་མང་པོ་ཞིག་གིས་ཆེད་མངགས་རྒྱ་ཡིག་གི་དྲ་ཚིགས་བཟོས་ཡོད།
         དབྱི་ཐ་ལིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་སློབ་གསོ་ཁྲུའི་ཚན་ཙན་ལུའོ་ཕིང་གིས་འདི་ག་ཚགས་པར་གྱི་གསར་འགོད་པར་མིག་སྔར་ཀྲུང་གོའི་སློབ་མས་རྒྱལ་སྤྱིའི་སློབ་མ་དཀྱུས་མ་དང་། “མཱ་ཁེ་ཕོ་ལོ”འཆར་གཞི། “ཐུ་རན་ཏོའོ”འཆར་གཞི་བཅས་ཐབས་ལམ་གཙོ་བོ་གསུམ་བརྒྱུད་ནས་དབྱི་ཐ་ལིར་སློབ་སྦྱོང་བྱེད་པར་ཡོང་གི་ཡོད། “མཱ་ཁེ་ཕོ་ལོ”འཆར་གཞི་དང“ཐུ་རན་སྟོད”འཆར་གཞི་ནི་དབྱི་ཐ་ལིས་ཀྲུང་གོའི་སློབ་མ་དབྱི་ཐ་ལིའི་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་དང་སྒྱུ་རྩལ་རིགས་ཀྱི་སློབ་གྲྭ་དང་སློབ་གླིང་དུ་སློབ་སྦྱོང་ལ་ཡོང་བར་སྟབས་བདེ་བསྐྲུན་ཆེད་བཙུགས་པའི་སྲིད་གཞུང་མ་ཡིན་པའི་དབར་གྱི་འཆར་གཞི་ཞིག་ཡིན་པ་དང་། འཆར་གཞི་དེའི་ནང་ཞུགས་མཁན་དབྱི་ཐ་ལིའི་སློབ་གྲྭ་དང་སློབ་གླིང་གིས་ཀྲུང་གོའི་སློབ་མར་སློབ་སྦྱོང་དང་ཟབ་སྦྱོང་བྱེད་པའི་གོ་སྐབས་བསྐྲུན་གྱི་ཡོད་ཅེས་བརྗོད།
         དབྱི་ཐ་ལིའི་ཨར་སྐྲུན་དང་། དར་སོ་ཆེ་བའི་ཆས་གོས། སྒྱུ་རྩལ། རི་མོ། གླུ་གར་བཅས་འཛམ་གླིང་ཐོག་སྙན་གྲགས་ཆེན་པོ་ལྡན་པ་དང་། སྒྱུ་རྩལ་སློབ་གྲྭ་དང་སློབ་གླིང་གིས་དེ་གར་བཙུགས་པའི་ཆེད་ལས་ལ་དེང་རབས་ཀྱི་དར་སོ་དང་གནའ་བོའི་ཤེས་དཔལ་གྱི་ཁྱད་ཆོས་གཉིས་ཀ་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་ཕྱི་སྦྱོང་སློབ་མ་སྔར་ལས་མང་བ་དེའི་སྙན་གྲགས་ལ་ཡིད་སྨོན་འཆོར་ནས་ཕྱི་སྦྱོང་ལ་འགྲོ་རྒྱུ་དེའང་དར་སོ་གསར་པ་ཞིག་ཏུ་གྱུར་ཡོད། དབྱི་ཐ་ལིའི་སློབ་གསོ་ལྟེ་གནས་ཀྱི་གྲངས་གཞི་ལས་མངོན་དོན། 2017ལོར་དབྱི་ཐ་ལིའི་མཛེས་རྩལ་སློབ་གླིང་གི་ཀྲུང་གོའི་ཕྱི་སྦྱོང་སློབ་མས་ཕྱི་རྒྱལ་གྱི་ཕྱི་སྦྱོང་སློབ་མའི་བསྡོམས་འབོར་གྱི་3/4ཟིན་པ་དང་། རོལ་དབྱངས་སློབ་གླིང་དུའང་ཀྲུང་གོའི་སློབ་མས་བསྡུར་གྲངས་ཀྱི་ཕྱེད་ཀ་ཙམ་ཟིན་གྱི་ཡོད།
         མ་གཞི་ད་ལྟ་ཀྲུང་གོའི་སློབ་མས་དབྱི་ཐ་ལིའི་སྐད་མ་ཤེས་ཀྱང་ཐོངས་མཆན་རག་གི་ཡོད་པ་དང་དབྱི་ཐ་ལིའི་མཐོ་སློབ་ལ་སྔོན་ཚུད་ནས་ཐོ་འགོད་བྱས་ཆོག འོན་ཀྱང་དབྱི་ཐ་ལིར་སླེབས་རྗེས་སྐད་ཡིག་སློབ་སྦྱོང་དང་སྦྲགས་སྐད་ཡིག་ལག་ཁྱེར་གྱི་ཡིག་རྒྱུགས་དང་ཆེད་ལས་ཀྱི་སློབ་ཞུགས་ཡིག་རྒྱུགས་ནང་ངེས་པར་དུ་ཞུགས་དགོས་ཀྱི་ཡོད། “མཱ་ཁེ་ཕོ་ལོ”འཆར་གཞི་དང“ཐུ་རན་ཏོའོ”འཆར་གཞི་བརྒྱུད་དབྱི་ཐ་ལིར་སློབ་སྦྱོང་དུ་བསྐྱོད་རེ་བྱེད་པའི་ཕྱི་སྦྱོང་སློབ་མས་མཐོ་རིམ་སློབ་གྲྭ་དང་སློབ་གླིང་དུ་དངོས་སུ་ཚུད་རྗེས་ཀྱི་སློབ་སྦྱོང་ལ་ངེས་གཏན་མེད་པ་དང་དེ་བཞིན་མཐོ་སློབ་ཏུ་སློབ་སྦྱོང་བྱེད་རིང་དཀའ་ངལ་སྣ་ཚོགས་འཕྲད་སྲིད་པར་བསམ་བློའི་གྲ་སྒྲིག་ཡག་པོ་བྱེད་དགོས་ཀྱི་ཡོད་པ་རེད།
         དབྱི་ཐ་ལིའི་ཕྱི་འབྲེལ་པུའི་རྒྱལ་ཁབ་མ་ལག་ཁྱབ་གདལ་སིའི་སི་ཀྲང་ཏེ་ལུ་ཁ་ཡིས་དབྱི་ཐ་ལིས་སླད་ཕྱིན་ཀྲུང་གོའི་སློབ་མར་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་སྔར་ལས་མང་བ་མཁོ་འདོན་བྱ་རྒྱུ་དང་སྦྲགས་སྔར་ལས་ཆ་ཚང་བའི་ཆེད་ལས་གདམ་ག་བྱེད་དུ་འཇུག་རྒྱུ་མ་ཟད། མིག་སྔའི་སློབ་ཚན་འགྱུར་ལྡོག་ཡོང་བ་དང་སྐད་ཡིག་གི་ཆུ་ཚད་རེ་བ་གཅིག་གྱུར་མེད་པ་སོགས་ཀྱི་གནད་དོན་ཧུར་ཐག་བསལ་ནས་ཀྲུང་གོའི་ཕུལ་བྱུང་སློབ་མ་སྔར་ལས་མང་བ་དབྱི་ཐ་ལིར་སློབ་སྦྱོང་དུ་ཡོང་རྒྱུའི་ཡིད་དབང་འགུག་རྒྱུ་ཡིན་ཞེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།