འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བྷང་ག་ལའི་སྨན་བཟོ་ཁེ་ལས་ཀྱིས་ཀྲུང་གོ་དང་མཉམ་ལས་དེ་བས་ཟབ་པ་ཡོང་རེ་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་23ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དབྱི་པོན·ཤིས་ན་སྨན་རྫས་བཟོ་གྲྭ་ནི་བྷང་ག་ལའི་ཏ་ཁ་ཉོ་ཚོང་སུའོ་དང་ཅི་ཏ་ཀང་ཚོང་དོན་སུའོ་རུ་དུས་མཚུངས་སུ་ཁྲོམ་ཞུགས་བྱས་པའི་སྨན་བཟོ་ཁེ་ལས་ཤིག་ཡིན་པ་དང་དེའི་འོག་ཏུ་སྨན་དང་སྨན་རྫས་རིགས་ཀྱི་ཐོན་ཟོག་བརྒྱ་ལྷག་ཙམ་ཡོད་པ་རེད། ཉེ་ཆར་གསར་འགོད་པ་1983ལོར་བཙུགས་པའི་ཁེ་ལས་དེར་བཅར་འདྲིར་སྐྱོད་སྐབས་ཀྲུང་གོའི་གཞི་རྒྱུ་མང་པོ་ཡོད་པ་མཐོང་བ་རེད།
         སྨན་རྫས་བཟོ་གྲྭ་དེ་བྷང་ག་ལའི་རྒྱལ་ས་ཏ་ཁ་དང་བར་ཐག་སྤྱི་ལེ་30ཙམ་ཡོད་པའི་གྲོང་འདབས་ཤིག་ཏུ་ཡོད་པ་དང་གསར་འགོད་པ་བཟོ་གྲྭའི་ནང་སྐྱོད་སྐབས་སྨན་རྫས་བཟོ་གྲྭའི་ཏུང་ཧྲི་པུ་ལེ་པུའི་ལེ་ཝེ་ཐེ་ནམ་དང་ལོ་སི་སོགས་ཕྱི་རྒྱལ་ཁྲོམ་རར་རྟོག་ཞིབ་བྱེད་པར་སྐྱོད་དེ་ཕྱིར་ལོག་བྱས་མ་ཐག་ཡིན་ཞིང་། ཁོང་གིས་ཀྲུང་གོ་དང་། ཨ་རི། འབར་མ། ཁམ་ཕུ་ཁྲེ། སི་རི་ལན་ཁ་བཅས་ཀྱང་ཀུང་སིའི་ཕྱི་རྒྱལ་གྱི་དམིགས་ཚད་ཁྲོམ་ར་ཤ་སྟག་རེད་ཅེས་གསར་འགོད་པར་བཤད།
         ཆུ་གཙང་བཟོ་དང་། སྨན་བཟོ། སྒྲིག་ཆས་ལེགས་གཏོང་བཅས་ཀྱི་འཁོར་ཁང་ནང་ཀྲུང་གོ་ནས་ནང་འདྲེན་བྱས་པའི་སྒྲིག་ཆས་པུ་ལེ་པུའི་ལེས་རྒྱུས་མངའ་ཤིན་ཏུ་ཆེ་བའི་སྒོ་ནས་ངོ་སྤྲོད་བྱས། སྨན་རྫས་བཟོ་སའི་འཁོར་ཁང་གི་རྒྱལ་སྒོ་ཁག་གཅིག་དམིགས་བསལ་གྱིས་ཇུས་འགོད་བྱས་པ་ཞིག་ཡིན་པ་དང་བརྒྱུད་ལམ་ཞིག་ཐོག་སྐྱོད་སྐབས་སྒོ་གཅིག་བརྒྱབ་ནས་སྒོ་གཞན་ཞིག་ཕྱེ་སྟེ་སྐྱོད་དགོས་པ་དང་དམིགས་བསལ་གྱི་ཇུས་འགོད་དེ་རིགས་ཀྱང་ཀྲུང་གོ་ནས་བྱུང་བ་ཞིག་རེད།
         མཛོད་ཁང་གི་འཁོར་ཁང་ནང་སྐྱོད་སྐབས་གསར་འགོད་པས་དེ་གའི་སྨན་རྒྱུ་མང་དག་ཅིག་གི་ཐུམ་སྒྲིལ་སྒམ་ཐོག་ཏུ་རྒྱ་ཡིག་བྲིས་ཡོད་པ་དང་ཀྲུང་གོ་ནས་ནང་འདྲེན་བྱས་ཞེས་བྲིས་པ་མཐོང་བྱུང་། ངོ་སྤྲོད་བྱས་པར་གཞིགས་ན། སྨན་རྫས་བཟོ་གྲྭ་དེའི་སྨན་རྒྱུ་50%ཀྲུང་གོ་ནས་ནང་འདྲེན་བྱས་པ་ཞིག་རེད། པུ་ལེ་པུའུ་ལེ་ཡིས་སྨན་རྫས་བཟོ་གྲྭ་དང་ཀྲུང་གོའི་དབར་འགྲོ་འོང་དམ་ཟབ་ཡོད་པས་འབྱུང་འགྱུར་མཉམ་ལས་དེ་བས་རྒྱ་ཆེ་བ་ཐུབ་རེ་བྱེད་ཀྱི་ཡོད་ཅེས་བཤད།
         ཁེ་ལས་ཀྱི་ཐབས་ཇུས་པའི་གྲས་ཤིག་ཡིན་པའི་ངོས་ནས་ཁོང་གིས་མིག་སྔར་ཁེ་ལས་དེའི་སྨན་རྒྱུ་མང་ཆེ་བ་ཀྲུང་གོ་ནས་ནང་འདྲེན་བྱས་པ་ཞིག་ཡིན་པ་དང་མཚོ་ཐོག་སྐྱེལ་འདྲེན་བྱེད་པར་ཟླ་གཅིག་ལྷག་ཙམ་འགོར་གྱི་ཡོད། གལ་སྲིད་སྐམ་ས་ནས་སྐྱེལ་འདྲེན་བྱས་ཚེ་སྐྱེལ་འདྲེན་དུས་ཚོད་གཟའ་འཁོར་གཅིག་ཐུང་དུ་གཏོང་ཐུབ་པ་དེས་ཁེ་ལས་ཀྱི་ཐོན་སྐྱེད་ལས་ཕྱོད་ཆེས་ཆེར་ཆེ་རུ་འགྲོ་རྒྱུ་རེད། དེས་ན་ཀྲུང་གོ་ནས་འབར་མའི་བར་དང་དེ་ནས་བྷང་ག་ལའི་བར་གྱི་སྐམ་ལམ་སྔ་ཙམ་ཤར་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
         བྷང་ག་ལའི་སྨན་རྫས་ལས་རིགས་ལ་ཉེ་བའི་ལོ་ཤས་ནང་འཕེལ་རྒྱས་མྱུར་པོ་བྱུང་བ་དང་2017ལོར་རྒྱལ་ཁབ་དེའི་སྨན་བཟོའི་ལས་རིགས་ཀྱི་རྒྱལ་ནང་གི་ཁྲོམ་རའི་ཉོ་ཚོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་20ཟིན་པ་དང་གྲངས་ཀ་དེ་ནི་1982ལོར་ཨ་སྒོར་ཁྲི་སྟོང་ཕྲག་2ཁོ་ན་ཡིན་པ་རེད། མིག་སྔར་བྷང་ག་ལ་ནས་བཟོས་པའི་སྨན་རྫས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་100ལྷག་ཙམ་ལ་ཕྱིར་འཚོང་བྱེད་ཀྱི་ཡོད་པ་རེད།
         བྷང་ག་ལ་སྲིད་གཞུང་གིས་འདི་ལོའི་ཟླ་5པར་ཁྲལ་བསྡུ་ཆག་ཡང་དང་རྩ་ཆག་དང་དངུལ་སྨར་ཕྱིར་སློག་སོགས་ཚུད་པའི་སྐུལ་ལྕག་སྲིད་ཇུས་ཁྱབ་གདལ་བཏང་ནས་རྒྱལ་ཁབ་དེ་གའི་སྨན་བཟོ་ཁེ་ལས་འཕེལ་རྒྱས་བཏང་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྲིད་གཞུང་གིས་ས་གནས་དེ་གའི་སྨན་བཟོ་ཁེ་ལས་ལ་མ་དངུལ་ཁེར་འཇོག་གམ་ཡང་ན་མ་རྩ་བསྡུ་སྒྲིལ་གྱི་བྱེད་ཐབས་ཐོག་ནས་མ་བཅོས་སྨན་རྒྱུ་ཐོན་སྐྱེད་བྱ་རྒྱུའི་སྐུལ་མ་བཏང་བ་དང་སྦྲགས་ཁེ་ལས་དེ་རིགས་ལ་ཁྲལ་བསྡུའི་སྲིད་ཇུས་མཁོ་འདོན་ཡང་བྱས་པ་རེད། སྲིད་གཞུང་གིས་སྨན་རྒྱུའི་སྡེ་ཚན་ལ་ཨ་སྒོར་དུང་ཕྱུར་10ཡི་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་གི་ཡིད་དབང་འགུག་ཐུབ་པ་བྱ་རྩིས་ཡོད་པ་རེད།
         བྷང་ག་ལའི་སྨན་རྫས་ལས་རིགས་ཀྱི་མི་སྣས་འབྲེལ་ཡོད་སྲིད་ཇུས་ལེགས་སྒྲིག་བྱས་ཏེ་རྒྱལ་ཁབ་དེ་དང་ཀྲུང་གོའི་སྨན་རྫས་ལས་རིགས་མཉམ་ལས་བྱས་ནས་ཁྲོམ་རའི་བར་མཐོངས་ཆེན་པོ་ཞིག་གཏོད་ཐུབ་རྒྱུ་ཡིན་པ་དང་བྷང་ག་ལའི་སྨན་རྫས་ཁེ་ལས་ཀྱིས་ཀྲུང་གོ་དང་མཉམ་ལས་སྔར་བས་བྱས་ཏེ་ཐུན་མོང་ཐོག་ཀྲུང་གོ་ཚུད་པའི་རྒྱལ་སྤྱིའི་ཁྲོམ་ར་གསར་སྤེལ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།