འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྭ་ཏར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་ཀྲུང་གོའི་འཛུགས་སྐྲུན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་23ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྭ་ཏར་ས་ཁུལ་ནི་ཕ་ཁི་སི་ཐན་གྱི་འཕེལ་རྒྱས་ཤིན་ཏུ་རྗེས་ལུས་ཐེབས་པའི་པེ་ལུའུ་ཀྲི་ཞིང་ཆེན་གྱི་ཁོངས་སུ་གཏོགས་པ་དང་རང་བྱུང་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད། ཀྭ་ཏར་གྱི་རྒྱབ་ངོས་ནི་ཨ་རབ་རྒྱ་མཚོ་ཡིན་ནའང་ཆར་ཆུ་ཉུང་བས་ལོ་ལྟར་ཐན་པ་བསྟན་པ་མ་ཟད། འཐུང་ཆུའང་དཀོན་པོ་ཡོད། དེ་གའི་གྲོང་མིའི་འཐུང་ཆུ་ནི་ཆུ་ལེན་རླངས་འཁོར་གྱིས་སྤྱི་ལེ་བཅུ་ཕྲག་དང་ཐ་ན་བརྒྱ་གྲངས་སའི་ཆུ་མཛོད་ནས་གྲོང་ཁྱེར་དུ་དབོར་གྱི་ཡོད། ཉེ་བའི་ལོ་ཤས་རིང་། གནམ་གཤིས་འགྱུར་ལྡོག་ཕྱིན་པའི་དབང་གིས་ཉེ་འཁོར་གྱི་ཆུ་མཛོད་རིམ་བཞིན་སྐམ་སྟབས་ཀྭ་ཏར་མང་ཚོགས་ཀྱི་འཐུང་ཆུ་ཇེ་དཀོན་དུ་གྱུར་ནས་མཐར་མངོན་གསལ་དོད་པའི་དམངས་འཚོའི་གནད་དོན་དུ་གྱུར།
         གེགས་བར་ཁ་ཤས་བྱུང་རྗེས་པེ་ལུའུ་ཀྲི་ཞིང་ཆེན་སྲིད་གཞུང་གིས་འདི་ལོའི་ཟླ་5ཚེས་6ཉིན་ཀྲུང་གོ་ཀང་ཁུང་དང་ཆུ་མཁོ་སྤྲོད་ཀྱི་གྲོས་མཐུན་བཞག་པ་རེད། ས་གནས་དེ་གའི་སྲིད་གཞུང་གིས་ཀྲུང་གོ་ཀང་ཁུང་ནས་མ་རྩའི་རིན་གོང་གཞིར་བཟུང་ཉིན་ལྟར་མཚོ་ཆུ་ཚྭ་མེད་དུ་སྒྱུར་བའི་ཆུ་ཅ་ལུན་ཁྲི་30ཉོས་ཏེ་རིན་པ་མི་དགོས་པར་ས་གནས་དེ་གའི་མང་ཚོགས་ལ་སྤྲོད་ཀྱི་ཡོད། ཆུ་མཁོ་སྤྲོད་སྦུ་གུ་མ་བསྐྲུན་གོང་ཀྲུང་གོ་ཀང་ཁུང་གིས་སྲིད་གཞུང་དང་མཐུན་སྦྱོར་བྱས་པ་བརྒྱུད་ཆུ་ལེན་རླངས་འཁོར་ལ་བརྟེན་ནས་མཚོ་ཆུ་ཚྭ་མེད་དུ་སྒྱུར་བའི་བཟོ་གྲྭའི་ཆུ་དེ་གྲོང་མིར་མཁོ་སྤྲོད་བྱེད་ཀྱི་ཡོད། བྱ་ཐབས་དེ་ས་གནས་དེ་གའི་སྲིད་གཞུང་གིས་སྤྱི་ཚོགས་ཀྱི་འགལ་ཟླ་ཞི་ལྷོད་དུ་གཏོང་རྒྱུར་ཕན་པ་ཡོད།
         ཀྭ་ཏར་གྲོང་ཁུལ་ལ་འཐུང་ཆུ་མཁོ་སྤྲོད་བྱེད་པ་ཕུད། ཀྲུང་གོ་ཀང་ཁུང་གིས་སྤྱི་ཚོགས་ཀྱི་སྤྱི་ཕན་རྣམ་གྲངས་རབ་དང་རིམ་པ་ཀྭ་ཏར་དུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད། དེའི་ནང་ཀྲུང་གོ་དང་ཕ་ཁི་སི་ཐན་དབར་གྱི་གཅེས་སེམས་སྨན་བཅོས་མྱུར་སྐྱོབ་ལྟེ་གནས་ལ་འཛུགས་སྐྲུན་ས་ཆ་མཁོ་འདོན་དང་ཁང་པ་འཛུགས་སྐྲུན་བྱེད་པ། ཀྲུང་གོའི་ཞི་བདེ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྭ་ཏར་དུ་ཀྲུང་ཕའི་ཧྥ་ཆུར་སློབ་ཆུང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཚུད་ཡོད།
         2015ལོའི་ཟླ་བརྒྱད་པར་ཀྭ་ཏར་ལ་ཡོང་ཐེངས་དང་པོ་ཡིན་པའི་ཀྲང་པའོ་ཀྲུང་སྐྱ་ཐེར་ཐེར་གྱི་ཐང་རྒོད་དེར་ཧང་སངས་ཡོད། ཁོང་གིས་གསར་འགོད་པར་ངའི་བསམ་ཡུལ་ལས་འདས་པ་ནི་ཀྭ་ཏར་ལ་ཟོག་འགྲེམས་དང་ཚོང་ཟོག་མཁོ་སྤྲོད་མ་ལག་གང་ཡང་མི་འདུག དེར་བརྟེན་གྲུ་ཁ་འཛུགས་སྐྲུན་གཉེར་སྐྱོང་ལ་དཀའ་ངལ་ཆེན་པོ་བཟོས་ཡོད། “གཅུས་གཟེར་ཞིག་དགོས་ཀྱང་ང་ཚོ་ཚང་མ་སྤྱི་ལེ་700སར་ཡོད་པའི་ཁ་ལ་ཆིར་ཉོ་བར་འགྲོ་དགོས། གྲུ་ཁ་འཛུགས་སྐྲུན་ཁུལ་དུ་ཁ་པར་བརྡ་རྟགས་མེད་པས་ཁ་པར་གཏོང་ཐབས་བྲལ་ལ། འཕྲིན་ཐུང་ཡང་གཏོང་ཐབས་བྲལ་བས་འབྲེལ་ཆད་ཀྱི་ཡུལ་དུ་སླེབས་པ་ལྟར་གྱི་ཚོར་སྣང་ཞིག་འདུག”ཅེས་བཤད་བྱུང་།
         ཁོར་ཡུག་ཞན་པོ་དེ་འདྲ་ཡོད་ཀྱང་ཀྲུང་གོ་ཀང་ཁུང་གིས་ཀྭ་ཏར་གྲུ་ཁ་འཛུགས་སྐྲུན་ལ་བློ་གཅིག་སེམས་གཅིག་གིས་གཞོལ་བཞིན་ཡོད། ཀྲང་པའོ་ཀྲུང་གིས“ད་ཆ། ཀྭ་ཏར་ལ་འཕེལ་རྒྱས་གསར་པ་བྱུང་ཡོད། གྲུབ་འབྲས་དེ་འདྲ་ཐོབ་ཐུབ་པ་ནི་ང་ཚོའི་ཚོགས་པས་མཐུན་སྒྲིལ་བྱས་པ་དང་ཁ་འབྲལ་ཐབས་མེད”ཅེས་བཤད་བྱུང་།
         ན་ནིང་གི་ཟླ་དང་པོར་སློབ་ཆེན་ཐོན་མ་ཐག་པའི་ཁྲེན་པིང་ཝུའེ་ཀྲུང་གོ་ཀང་ཁུང་ནང་ཞུགས་ནས་ཀྭ་ཏར་ལ་སླེབས། ལོ་གཅིག་དང་ལོ་ཕྱེད་མ་སོང་བར་ཁོང་གིས་འགྱུར་ལྡོག་རབ་དང་རིམ་པ་བྱུང་ཚུལ་དཔང་པོ་བྱེད་ཐུབ་པ་སྟེ། ཀྭ་ཏར་གྲུ་ཁར་རང་ལ་དབང་བའི་མཚོ་ལམ་དང་དུས་གཏན་གྲུ་གཟིངས་ཀྱང་བྱུང་ཡོད་ལ། རང་མོས་ཁུལ་འགོ་ཚུགས་ཁུལ་གྱི་དེ་སྔའི་གྲམ་ཐང་ཐོག་ཟླ་ལྔ་ལྷག་ཙམ་ནང་ཐོག་བརྩེགས་ཁང་ཆེན་གྱི་ཚོང་ལས་ལྟེ་གནས་ཤིག་ཀྱང་བསྐྲུན་ཡོད། ཐོག་བརྩེགས་ཁང་ཆེན་དེ་ནི་པི་ལུའུ་ཀྲི་ཐོག་བརྩེགས་ཁང་ཆེན་ཡག་ཤོས་རེད་ཅེས་བརྗོད་ཆོག གཞན་ཡང་རང་མོས་ཁུལ་འགོ་འཛུགས་ཁུལ་དུ་བཅའ་ཞུགས་ཁེ་ལས་20ལྷག་ཙམ་གྱི་བཟོ་ཁང་ཡང་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད།
         ཀྭ་ཏར་གྲུ་ཁར་ལས་ཀ་བྱེད་རྒྱུ་བྱུང་བ་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཞུགས་རྒྱུ་བྱུང་བ་ནི་གཟི་བརྗིད་ཆེན་པོ་ཞིག་ཡིན། ཀྭ་ཏར་དུ་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་བའི་བརྒྱུད་རིམ་དེ་ངའི་ཚེ་སྲོག་ནང་གཞན་དང་མི་འདྲ་བའི་དོན་སྙིང་ལྡན་ཡོད་ཅེས་ཁྲེན་པིང་ཝུའེ་ཡིས་གསར་འགོད་པར་བཤད་བྱུང་།
         གྲུ་ཁ་དང་རང་མོས་ཁུལ་འཛུགས་སྐྲུན་བྱས་པ་དེ་ཀྭ་ཏར་གྲོང་ཁུལ་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་པ་སྟེ། དེ་སྔ་ཀྭ་ཏར་དུ་གཟའ་འཁོར་རེར་དུས་གཏན་གྲུ་གཟིངས་ཐེངས་གཅིག་གཏོང་བ་དེ་ད་ལྟ་ཉིན་ལྟར་ཐེངས་རེ་གཏོང་བར་སྒྱུར་བ་དང་། ལག་ཐོགས་ཁ་པར་སྤྱོད་ཚད་གཱ་ཁྲི་10ནས་ད་ལྟ་ཁྲི་20ལྷག་ཙམ་བར་མང་དུ་ཕྱིན་པ། རྒྱལ་ཁབ་ཕྱི་ནང་གི་མ་འཇོག་མཁན་རྒྱུན་ཆད་མེད་པར་ཡོང་ནས་དེ་གར་གོ་སྐབས་ཐོབ་རེ་བྱེད་པ་ལ་སོགས་རེད།
      

    ཕྱོགས་བསྡུས་གསར་འགྱུར།