འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱིས་མངའ་རིས་ཀྱི་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་ལས་དོན་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་11ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ་སོགས་རྒྱལ་ནང་གི་ཚན་ཞིབ་སྒྲིག་གཞི་ལྔ་ཡིས་མཉམ་དུ་སྤེལ་བའི་2018ལོའི་བོད་ལྗོངས་མངའ་རིས་བང་སོ་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་ཞིབ་འཇུག་སུའོ་བོད་ལྗོངས་རུ་ཁག ཧྲའན་ཤིས་ཞིང་ཆེན་གནའ་རྫས་ཞིབ་འཇུག་ཁང་། སི་ཁྲོན་སློབ་ཆེན་ལོ་རྒྱུས་རིག་གནས་སློབ་གླིང་། ནུབ་བྱང་སློབ་ཆེན་བཅས་ཚན་ཞིབ་སྒྲིག་གཞི་ལྔས་མཉམ་དུ་སྤེལ་བའི་ད་རེས་ཀྱི་གནའ་རྫས་རྟོག་ཞིབ་ལས་དོན་འདིའི་དུས་ཡུན་ཟླ་གཉིས་ཡིན་པ་རེད།
         བོད་རང་སྐྱོང་ལྗོངས་རིག་དངོས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཞིབ་འཇུག་པ་གཞོན་པ་ཤར་རྒན་དབང་འདུས་ཀྱིས། “འདི་ལོའི་ལས་དོན་གྱི་གཙོ་གནད་ནི་དུས་འགོའི་ལྕགས་རིགས་དུས་རབས་ཀྱི་ཁོངས་སུ་གཏོགས་པའི་གནའ་ཤུལ་སྣ་ཚོགས་ལ་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱ་རྒྱུ་དེ་ཡིན། ལས་དོན་འདི་སྤེལ་བ་ལས་ང་ཚོས་མངའ་རིས་ས་ཁུལ་གྱི་དུས་འགོའི་ཤེས་དཔལ་སྔར་བས་རྒྱུས་ལོན་བྱེད་པ་དང་གནའ་རྫས་རྟོག་ཞིབ་རིག་པའི་རིག་གནས་འཕེལ་རྒྱས་འགྲོ་རྒྱུར་དགེ་མཚན་ལྡན་པའི་སྐུལ་འདེད་ནུས་པ་ཐོན་རྒྱུ་རེད”ཅེས་གསར་འགོད་པར་བརྗོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་སྔོག་འདོན་བྱ་ཡུལ་ལྔ་པོ་ཚང་མ་ནི་སྔོན་ཆད་མངའ་རིས་སུ་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་འཛུགས་སྐྲུན་དང་གནའ་རྫས་རྟོག་ཞིབ་བྱེད་རིང་གསར་དུ་རྙེད་པའི་གནའ་ཤུལ་དང་གནའ་བའི་བང་སོ་ཡིན་པ་རེད། 2017ལོར། གནའ་རྫས་རྟོག་ཞིབ་རུ་ཁག་གིས་ད་བར་བོད་ནས་ཤེས་རྟོགས་བྱུང་བའི་བང་སོ་ཀུན་ལས་སྔ་ཤོས་ཏེ་གད་པ་སེར་པོ་བང་སོ་གསར་དུ་རྙེད་པ་མ་ཟད་དེའི་ཁྲོད་ཀྱི་བང་སོ་དགུ་སྔོག་འདོན་བྱས་པ་རེད། “འདི་ལོར། ང་ཚོས་རྒྱལ་ཁབ་རིག་དངོས་ཅུས་ཀྱི་མཆན་བཀོད་བཀའ་ལན་ལྟར་གད་པ་སེར་པོའི་བང་སོ་གཞན་དག་6ལ་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱ་རྒྱུ་རེད”ཅེས་ཤར་རྒན་དབང་འདུས་ཀྱིས་བརྗོད།
         གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱེད་རིང་། གནའ་དཔྱད་མི་སྣས་གནའ་ཤུལ་རེ་རེར་མཁའ་ཐོག་ནས་པར་ལེན་ཚད་འཇལ་བྱེད་པ་སོགས་ཀྱི་ལས་དོན་སྤེལ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།