འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཉོ་མཁན་གྱིས་ཐད་ཀར་ཉོ་སྒྲུབ་བྱས་ནས་བདེ་ཆེན་གྱི་རི་གྲོང་ལ་དབུལ་སྒྲོལ་ཕྱུག་འགྱུར་གྱི་
    མགྱོགས་ལམ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་11ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། “གལ་སྲིད་ང་ཚོའི་གྲོང་ཚོའི་རི་སྐྱེས་ཤ་མོ་དང་། སྦྲང་རྩི། ཀྲུང་ལུགས་སྨན་རྫས། ཞིང་ལས་ཁྱད་ལྡན་ཐོན་རྫས་བཅས་ཕྱིར་ཚོང་བྱེད་ཐུབ་ན། འདི་ལོ་དབུལ་སྒྲོལ་ཞྭ་འབུད་ཐུབ་རྒྱུར་རེ་བ་ཆེན་པོ་ཡོད”ཅེས་མངགས་ཉོའི་གན་རྒྱ་གསར་པ་ཞིག་རག་པའི་ཧྲི་པཱ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཨ་མུའུ་སན་གྱིས་དགའ་ཚོར་ཆེན་པོའི་སྒོ་ནས་བཤད།
         ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་བདེ་ཆེན་རྫོང་བྲག་ཞབས་ལི་སུའུ་རིགས་ཤང་ཧྲི་པཱ་གྲོང་ཚོ་ནི་པད་མ་གངས་རིའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་གནས་པ་དང་། དེ་ནི་ཡུན་ནན་གྱི་སྤྲེའུ་སྤུ་སེར་དང་ཤིང་རྩི་ཧྲན་སོགས་ཤིན་ཏུ་དཀོན་པའི་སྲོག་ཆགས་དང་སྐྱེ་དངོས་རིགས་ཀྱི་གཞི་རྒྱུའི་མཛོད་དང་འཚོ་སྡོད་སྐྱེ་འཕེལ་བྱེད་སའི་གནས་ཤིག་རེད། འོན་ཀྱང་རྨང་གཞིའི་སྒྲིག་བཀོད་ཉམས་ཞན་དང་། སྡོད་མལ་ཁོར་ཡུག་གི་ཆ་རྐྱེན་ཅུང་ཞན་པ་སོགས་ཀྱི་རྐྱེན་པས། ཧྲི་པཱ་གྲོང་ཚོའི་དུད་ཚང་302ཀྱི་ཁྲོད་དུད་ཚང་259ནི་དབུལ་ཕོངས་དུད་ཚང་ཡིན་པ་རེད།
         ཉེ་ཆར། ཞིང་ལས་ཁྱད་ལྡན་ཐོན་རྫས་གཉེར་སྐྱོང་དང་ཞིབ་འཇུག་བྱེད་མཁན་གྱི་ཁེ་ལས་མཁས་ཅན་དང་རིགས་གཅིག་མཁས་ཅན་30ལྷག་ཙམ་བདེ་ཆེན་ཀྲོའུ་ནོར་སྲིད་ཅུས་ཀྱི་སྣེ་ཁྲིད་འོག་ཧྲི་པཱ་གྲོང་ཚོར་བསྐྱོད་དེ་ཐོན་ལས་དབུལ་སྒྲོལ་ཡོང་ཐབས་བྱས་ཏེ་རི་ཁུལ་གྱི་ཐོན་ཁུངས་དེ་དག་ཐད་ཀར་དཔལ་འབྱོར་གྱི་ཕན་འབྲས་ལ་བསྒྱུར་ནས་ལི་སུའུ་རི་གྲོང་ལ་དབུལ་སྒྲོལ་གྱི་མགྱོགས་ལམ་བཏོད་ཡོད་པ་རེད།
         “སྣོད་བཅུད་ཐོན་ཁུངས་ནི་ཧྲི་པཱ་གྲོང་ཚོའི་འཕེལ་རྒྱས་ཀྱི་ལེགས་ཆ་ཞིག་རེད”ཀྲུང་གོའི་དབྱི་ཝུའི་དྲ་ཐོག་ཚོང་དོན་གསར་གཏོད་གླིང་ཡུན་ནན་གྱི་གྲགས་ཅན་ཐོན་རྫས་གཉེར་སྐྱོང་ཨུ་ལྷན(གཤམ་ལ“ཡུན་ནན་གྲགས་ཅན་ཐོན་རྫས་ཨུ་ལྷན”ཞེས་བསྡུ་རྒྱུ)གྱི་ཚོགས་གཙོ་པའེ་ཙེ་ལུང་གིས། ང་ཚོའི་ཚོགས་པ་ཧྲི་པཱ་གྲོང་ཚོར་རྟོག་ཞིབ་དང་བརྟག་དཔྱད་བྱེད་པར་བསྐྱོད་དེ་ས་གནས་དེ་གའི་རི་སྐྱེས་ཤ་མོ་དང་། རི་སྐྱེས་ཀྲུང་ལུགས་སྨན་རྒྱུ་སོགས་ཁྱད་ལྡན་ཐོན་རྫས་རིགས་4གསེད་དཀྲོལ་བྱས་པ་མ་ཟད། ཁེ་ལས་མཁས་ཅན་དང་། རིགས་གཅིག་མཁས་ཅན། དྲ་ཐོག་ཚོང་ཁང་གི་ཚོང་པ་སོགས་སྒྲིག་གཞིར་ཐུན་མོང་ངང་ཞུགས་རྒྱུར་གདན་དྲངས་ཏེ་ཧྲི་པཱ་གྲོང་ཚོར“སྲིད་གཞུང་གིས་གཙོ་ཁྲིད་དང་། ལེགས་ལྡན་ཐོན་ཁུངས། སྤུས་ཚད་ཚོད་འཛིན། སྤུས་རྟགས་གཏོད་པ། ཁྲོམ་རར་ཁྱབ་གདལ། ཉོ་མཁན་གྱིས་ཐད་ཉོ་བཅས་ཟུང་དུ་འབྲེལ་བའི”ཐོན་ལས་དབུལ་སྐྱོར་གྱི་བྱེད་སྟངས་གསར་པ་ཞིག་བཏོད་ཡོད་པ་རེད།
         སྔོན་ཆད་ཐོན་རྫས་ཡག་པོ་ཕྱིར་ཚོང་བྱེད་མི་ཐུབ་པ་དང་། འཚོང་ཐུབ་ཀྱང་རིན་གོང་མཐོ་པོ་རག་གི་མེད་པའི་གནད་དོན་ལ་ཧྲི་པཱ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཡུས་ཤིན་ཧུང་གིས་དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། ཁོང་གིས་ལས་སྟེགས་དང་ཁྲོམ་རའི་འགྲན་རྩོད་དཀོན་པའི་གནས་ཚུལ་འོག་ན་ནིང་ཧྲི་པཱ་གྲོང་ཚོ་ལི་སུའུ་ཕ་འདེབས་འཛུགས་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལོའི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་50ལས་ཟིན་གྱི་མེད་པ་དེས་སྐབས་དེ་དུས་ཀྱི“མཉམ་སྡེབ་མ་རྐང་འཇོག་པ་དང་། གྲོང་མིས་ཁེ་སྤོགས་བགོ་བཤའ་རྒྱག་པ། དབུལ་སྒྲོལ་ཕྱུག་འགྱུར་བྱེད་པ”བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཐབས་བྲལ་ཞེས་བཤད།
         “ངའི་ཁྱིམ་གྱིས་སོ་ལོ་མུའུ་30དང་ལྕ་བ་མུའུ་7འདེབས་འཛུགས་བྱས་པ་དང་རི་སྐྱེས་སྦྲང་རྩི་སྒམ་60བསྡུས་པ་ཡིན། འོན་ཀྱང་དེ་དག་ཚང་མར་ཁེ་བཟང་དེ་ཙམ་མ་བྱུང་བས་སོ་ལོ་ལོ་གཉིས་ལྷག་ཙམ་སྔོག་འཐུ་བྱས་མེད”ཟླ་6ཚེས་22ཉིན་ཧྲི་པཱ་གྲོང་ཚོ་ཨུ་ལྷན་གྱི་གཞུང་དོན་ཐོག་ཁང་གི་གྲོས་ཚོགས་ཁང་དུ་གྲོས་མཐུན་རེ་རེ་བཞིན་ལ་མིང་རྟགས་བཀོད་པས་ཧྲི་པཱ་གྲོང་ཚོའི་གྲོང་མི་རྣམས་ཀྱི་ངོ་གདོང་ནས་འཛུམ་མདངས་འཕྱུར།
         “ཧྲི་པཱ་གྲོང་ཚོའི་བཤས་བཏང་བའི་ཕག་པ་ཚང་མ་ང་ཚོས་ས་གནས་དེ་གའི་ཁྲོམ་རའི་རིན་གོང་སྤྱི་རྒྱ་རེར་སྒོར་6ལས་མི་དམའ་བའི་རིན་གོང་ལྟར་བརྩིས་ནས་ཉོ་སྒྲུབ་བྱས་པ་དང་ཆབས་ཅིག་ཀུང་སིས་རིན་མེད་ངང་ཧྲི་པཱ་གྲོང་ཚོའི་ཕག་པའི་ཐོན་ལས་འཕེལ་རྒྱས་གཏོང་ཆེད་གསོ་སྦྱོང་དང་ལག་རྩལ་གྱི་མཛུབ་ཁྲིད་སོགས་བྱས་པ་དང་། ལོ་ལྟར་ཁ་ཕྱོགས་གཏན་འཁེལ་གྱིས་ཧྲི་པཱ་གྲོང་ཚོའི་ཕྱིར་ལས་མི་བྱེད་པར་འགྲོ་མཁན་ལ་ལས་ཞུགས་ལས་གནས་50མཁོ་འདོན་བྱས་ནས་གསོ་སྦྱོང་བྱས་ཏེ་ལས་གནས་ཐོག་སྐྱོད་རྗེས་ཟླ་བ་རེར་གཞི་རྩའི་གླ་ཆ་སྒོར་3000ལས་མི་དམའ་བ་སྤྲད་པ། འདི་ལོ་ནས་བཟུང་ཡུན་རིང་གནས་གཏན་འཁེལ་གྱིས་ཧྲི་པཱ་གྲོང་ཚོའི་སློབ་མ་30ལ་སློབ་ཆེན་མ་ཐོན་བར་རོགས་སྐྱོར་བྱེད་རྒྱུ་ཡིན”ཞེས་ཡུན་ནན་གྱི་སྐུ་ཞབས་ཐང་ལགས་ཀྱི་ཞིང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སིའི་གསར་གཏོད་པ་ཐང་ལུང་གིས་བཤད།
         ཡུན་ནན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་ཨེ་ཤེ་ཡ་ལྷོ་མའི་ཞིབ་འཇུག་ཁང་དང་ཡུན་ནན་ཞིང་ཆེན་སྤུས་ཚད་ཞིབ་བཤེར་མཐུན་ཚོགས་སོགས་ཀྱིས་ཧྲི་པཱ་གྲོང་ཚོའི་ཀྲུང་ལུགས་སྨན་རྫས་ཐོན་ལས་འཕེལ་རྒྱས་དང་། ཤིང་ཏོག་ཐོན་ལས་འཕེལ་རྒྱས། སྣོད་བཅུད་སྲུང་སྐྱོང་། གྲོང་གསེབ་ཀྱི་ཡུལ་སྐོར་སོགས་ལ་དམིགས་ནས། ཚང་མས་བློ་བསྡུས་དགེ་འཚོལ་དང་སྟོབས་ཤུགས་གཅིག་བསྒྲིལ་གྱིས་ཧྲི་པཱ་གྲོང་ཚོའི་དབུལ་སྒྲོལ་འགག་སྒྲོལ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་གནད་དོན་ཐུན་མོང་ཐོག་ཐག་གཅོད་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།