འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།དང་བླངས་པ་800ལྷག་ཙམ་ཀན་སུའུ་ཀན་ལྷོ་ཁུལ་དུ་བསྐྱོད་ནས་ལྷན་སྐྱེས་སྙིང་ནད་
    ཕོག་པའི་བྱིས་པ་རགས་བཤེར་སྐྱོབ་རོགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་11ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2018ལོའི“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་ཀན་ལྷོར་བསྐྱོད་པའི་སྨན་བཅོས་སྤྱི་ཕན་བྱེད་སྒོ་ཆེ་གྲས་ཚེས་8ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཙོས་གྲོང་ཁྱེར་དུ་སྤེལ་བ་དང་། དང་བླངས་པ་800ལྷག་ཙམ་གྱིས་ཀན་ལྷོར་ནད་གཞིས་རྐྱེན་པས་བསྐྱར་དུ་དབུལ་པོར་གྱུར་པ་དང་། ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པའི་ཞིང་འབྲོག་པ་ནད་པའི་ཁྱིམ་ཚང་དུ་འོས་འགན་བདེ་ཐང་རོགས་སྐྱོར་བྱས་པ་དང་། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་ཕྱོགས་ཡོངས་ནས་འོས་འགན་སྨན་བཅོས་དང་རགས་བཤེར་བྱས་པ་རེད།
         “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་བྱེད་སྒོ་སྒྲིག་འཛུགས་ཨུ་ལྷན་གྱིས་ངོ་སྤྲོད་བྱས་པར་ད་ཐེངས་ཀྱི་ཀན་ལྷོར་བསྐྱོད་པའི་བྱེད་སྒོ་དེ་དུས་ཡུན་གཟའ་འཁོར་གཅིག་ཡིན་པ་དང་། རྒྱལ་ཡོངས་ཀྱི་ས་ཆ་ཁག་ནས་ཡོང་བའི་སྨན་དོན་དང་བླངས་པ་700ལྷག་ཙམ་དང་ཞབས་ཞུའི་དང་བླངས་པ་100ལྷག་ཙམ་གྱིས་ཀན་ལྷོ་ཀྲོའུ་ཡི་རྫོང་དང་གྲོང་ཁྱེར་8ཁག་སོ་སོར་བསྐྱོད་ནས་འོས་འགན་སྨན་བཅོས་བརྒྱུད་ཕྱོགས་ཡོངས་ནས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་རགས་བཤེར་སྐྱོབ་རོགས་བྱས་པ་དང་འབྲེལ་མཆིན་པའི་ཐུམ་འབུའི་ནད་རགས་བཤེར་དང་སྐྱོབ་རོགས་བྱེད་པའི་ལས་དོན་སྤེལ་བ་རེད།
         བྱེད་སྒོ་སྤེལ་རིང་། དང་བླངས་པས་ད་དུང་ཞིང་འབྲོག་པར་དམིགས་ནས་བདེ་ཐང་བློ་འདྲི་དང་། བདེ་ཐང་དབུལ་སྐྱོར། ངོས་འཛིན་དཀའ་བའི་ནད་རིགས་ལ་ལྷན་འཛོམས་ནད་དཔྱད་བཅས་བྱ་རྒྱུ་དང་དེ་བཞིན་ས་ཆ་དེ་གའི་རི་སྐྱེས་ཀྲུང་ལུགས་སྨན་རྩྭའི་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་དང་བརྟག་ཞིབ་སོགས་ཀྱི་ལས་དོན་སྤེལ་རྒྱུ་རེད།
         “ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་སྤྱི་ཕན་བྱེད་སྒོ་ནི་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་དང་། ཀྲུང་གོ་རྒྱ་གྲམ་དམར་རྟགས་ཐེབས་རྩ་ལྷན་ཚོགས། པེ་ཅིང་གྲོང་ཁྱེར་རྒྱ་གྲམ་དམར་རྟགས་ཐེབས་རྩ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་ཤིག་ཡིན་པ་དེ་2008ལོ་ནས་འགོ་བཙུགས་པ་རེད། སྤྱི་ཕན་བྱེད་སྒོ་དེ་ནི་ལོ་བཅུའི་རིང་སྨན་བཅོས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་སི་ཁྲོན་དང་། བོད་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན་སོགས་ས་ཆར་བསྐྱོད་ནས་མང་ཚོགས་ལ་སྨན་བཅོས་རོགས་སྐྱོབ་ཀྱི་ཞབས་འདེགས་ཞུ་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།