འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་ཏེ
    "སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་གསེང་ཁུར་པོ་ལྕི་བའི་གནད་དོན་ཐག་གཅོད་བྱ་རྒྱུར"
    གཞིགས་ནས་ཐབས་འདོན་པ་དང་སྲིད་སྐྱོང་རོགས་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་09ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་6ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་གསེང་གི་ཁུར་པོ་ལྕི་བ་ནི་རང་རྒྱལ་གྱི་རྨང་གཞིའི་སློབ་གསོར་ཡུན་རིང་གནས་པའི་གནད་དོན་མངོན་གསལ་དོད་པོ་ཞིག་ཡིན་པས། དེ་གཞོན་ཆུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་བྱང་ཚད་སློབ་གསོ་ལག་ལེན་བསྟར་རྒྱུར་ཕན་པ་མེད་སྟབས་ཏང་ཀྲུང་དབྱང་གིས་དོན་དེར་མཐོང་ཆེན་པོ་གནང་བ་དང་སྤྱི་ཚོགས་ལས་རིགས་ཁག་གིས་དོ་ཁུར་རྒྱ་ཁྱབ་བྱེད་ཀྱི་ཡོད། ད་ཐེངས་ཀྱི་གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུའི་ཐོག“སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་གསེང་གི་ཁུར་པོ་ལྕི་བའི་གནད་དོན་ཐག་གཅོད་བྱ་རྒྱུ”གྲོས་གཞིར་བརྩིས་ཡོད། འདི་ནི་མི་དམངས་སྲིད་གྲོས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་སློབ་གསོའི་ཁྱབ་ཁོངས་ཀྱི་གཙོ་གནད་དང་དཀའ་གནད་ལ་གཞིགས་ནས་ཐབས་འདོན་པ་དང་སྲིད་སྐྱོང་རོགས་ཧུར་ཐག་བྱས་པའི་བྱ་ཐབས་གལ་ཆེན་ཞིག་རེད། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་གསེང་ཁུར་པོ་ལྕི་བའི་གཏིང་རིམ་གྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་། གནད་དོན་ཐག་གཅོད་བྱེད་པའི་བསམ་ཕྱོགས་སྔར་བས་རྒྱ་ཆེར་གཏོང་བ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་ཞིག་གཉེར་བ་བཅས་ཀྱི་ངོས་ནས་བརྗོད་ཚེ་དེར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ནན་བཤད་གནང་བ་རེད།
            ཚན་རིག་དང་མཐུན་པའི་སློབ་གསོའི་གདེང་འཇོག་མ་ལག་སྐྲུན་པ་དང་། སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་བཟང་སྒྲིག་བྱེད་པ། སློབ་བསྡུའི་རྒྱུགས་སྤྲོད་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སློབ་ཕྱིའི་གསོ་སྦྱོང་ཚད་ལྡན་དུ་གཏོང་བ། ཁྱིམ་ཚང་གི་སློབ་གསོར་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་ཨུ་ཡོན་15ཡིས་བསམ་འཆར་དང་གྲོས་འགོ་བཏོན་ཡོད། ཚང་མས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དྲང་བཞག་དང་སྤུས་ཚད་ལྡན་པའི་སློབ་གསོ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་མ་བདེ་ཐང་ངང་འཚར་ལོངས་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བའི་འགན་ལེན་བྱས་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་སློབ་མའི་སྦྱོང་ཚན་འབྲི་བའི་དུས་ཚོད་ཚོད་འཛིན་ནན་པོ་བྱེད་པ་དང་། སློབ་ཁང་གི་སློབ་ཁྲིད་ཚད་ལྡན་དུ་གཏོང་བ་སོགས་ཀྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་པར་ཕན་འབྲས་ངེས་ཅན་ཐོན་ཡོད་པ་དང་། སློབ་གྲྭའི་ནང་གི་སློབ་མའི་སློབ་སྦྱོང་གི་ཁུར་པོ་རིམ་བཞིན་ཡང་དུ་བཏང་མོད། འོན་ཀྱང“སློབ་གྲྭའི་ནང་ཁུར་པོ་ཡང་དུ་ཕྱིན་ཡང་སློབ་གྲྭའི་ཕྱི་རོལ་གྱི་ཁུར་པོ་ལྕི་རུ་ཕྱིན་པ”དང“དགེ་རྒན་གྱི་ཁུར་པོ་ཡང་དུ་ཕྱིན་ཡང་ཁྱིམ་བདག་གི་ཁུར་པོ་ལྕི་རུ་ཕྱིན་པ”སོགས་ཀྱི་གནད་དོན་གསར་པ་ཐོན་ནས། སློབ་མའི་སློབ་སྦྱོང་གི་དོན་དངོས་ཁུར་པོ་ཡང་དུ་ཕྱིན་མེད་སྟབས་ངེས་པར་དུ་དེའི་ཐད་ཚད་མཐོའི་མཐོང་ཆེན་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
           ཨུ་ཡོན་ཁག་གཅིག་གིས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་སྦྱོང་གི་ཁུར་པོ་ལྕི་བ་ནི་སློབ་གསོའི་གནད་དོན་ཞིག་རེད་ལ་སྤྱི་ཚོགས་ཀྱི་གནད་དོན་ཞིག་ཀྱང་རེད། ཁུར་པོ་ཡང་དུ་གཏོང་རྒྱུ་དེ་སྟབས་བདེའི་ངང་སྦྱོང་ཚན་དང་སློབ་ཚན་ཉུང་དུ་གཏོང་བ་ཞིག་མིན་པ་དང་། བརྩོན་འགྲུས་དང་དཀའ་སྤྱད་ཀྱི་སློབ་སྦྱོང་གི་རྣམ་པ་སླར་ཡང་དར་སྤེལ་མི་གཏོང་བ་ཞིག་མིན་ལ་སློབ་ཁྲིད་སྤུས་ཚད་དམའ་རུ་གཏོང་བ་དང་སློབ་གསོའི་ཐོན་ཁུངས་ཕྱོགས་རེའི་སྒོ་ནས་དོ་མཉམ་ཡོང་རེ་བྱེད་པ་དེ་བས་མིན། དེར་བརྟེན་ངེས་པར་དུ་སློབ་གསོའི་ཆོས་ཉིད་དང་གཞོན་ནུ་ལོ་ཆུང་འཚར་ལོངས་ཀྱི་ཆོས་ཉིད་ལས་འགལ་བའི་ཁེ་ཕན་རང་བཞིན་གྱི་སློབ་ཁྲིད་བྱེད་སྤྱོད་དང་སྒྲིག་འགལ་སློབ་གཉེར་གྱི་སྣང་ཚུལ་མཐའ་གཅིག་ཏུ་མེད་པར་བཟོ་དགོས། བཅོས་སྐྱོང་ལས་དོན་ཐད་གསེད་བཀག་ཟུང་འབྲེལ་དང་། རྩ་ལག་མཉམ་བཅོས། གནད་སྨིན་ཇུས་འདོན། སྙིང་རུས་གཏན་འཁྱོངས་བཅས་བྱེད་དགོས། སློབ་གྲྭའི་ཕྱི་རོལ་གྱི་གསོ་སྦྱོང་སྒྲིག་གཞིའི་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་གསར་འཛུགས་ཀྱི་ཚད་གཞི་གསལ་བཟོ་དང་གསོ་སྦྱོང་གི་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། སློབ་གྲྭའི་སློབ་བསྡུའི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རིགས་ཁག་གི་འགྲན་བསྡུར་དང་། རྒྱུགས་རིམ། བྱ་དགའ་དང་ལག་ཁྱེར་བཅས་སློབ་གྲྭར་བསྡུ་བའི་གཞི་འཛིན་སར་བྱ་རྒྱུ་གཏན་འགོག་བྱས་ཏེ་སློབ་གྲྭ་དང་གསོ་སྦྱོང་སྒྲིག་གཞིའི་རྒྱབ་ཀྱི་ཁེ་ཕན་སྦྲེལ་ཐག་གཅོད་དགོས། སྤྱི་ཚོགས་ལས་རིགས་ཁག་གིས་ཚན་རིག་དང་མཐུན་པའི་སློབ་གསོའི་ལྟ་བ་དང་ཡང་དག་པའི་འཇོན་ཐང་ཅན་དུ་འགྱུར་བའི་ལྟ་བ་བཙུགས་ཏེ་ཁུར་པོ་ཡང་གཏོང་དང་སློབ་མའི་ལུས་སེམས་བདེ་ཐང་གི་འཕེལ་རྒྱས་ལ་ཕན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཡངས་པོ་ཞིག་སྐྲུན་དགོས་པའི་གྲོས་འགོ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།