འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི"དྲ་སྦྲེལ་+ཞིང་ལས"ཀྱི་བྱ་ཐབས་ལ་གྲུབ་འབྲས་རགས་ཙམ་ཐོབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་05ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཚེས་2ཉིན་ཞིང་ལས་གྲོང་གསེབ་པུའི་པུའུ་ཀྲང་གཞོན་པ་ཆུས་ཏུང་ཡུས་ཀྱིས་ཞིང་ལས་གྲོང་གསེབ་པུས་གྲོང་གསེབ་ཏུ་དྲ་སྦྲེལ་སྤྱོད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས“དྲ་སྦྲེལ་+ཞིང་ལས”ཀྱིས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བར་གྲུབ་འབྲས་རགས་ཙམ་ཐོབ་ཡོད་ཅེས་བརྗོད་པ་རེད།
             འདི་ནི་གསར་འགོད་པར་ཚེས་2ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་ཇུས་འཆར་ཅན་བརྡ་གཏོང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད།
             ཆུས་ཏུང་ཡུས་ཀྱིས་ངོ་སྤྲོད་བྱས་དོན། ཉེ་བའི་ལོ་ཤས་རིང་། ཞིང་ལས་གྲོང་གསེབ་པུས་ཞིང་ལས་ཐོན་སྐྱེད་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཞིང་ལས་དང་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཞིང་ལས་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་སྒོ་དབྱེ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པ་དང་འབྲེལ། གྲོང་གསེབ་ས་ཁུལ་གྱི་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ཡོད། “དྲ་སྦྲེལ་+ཞིང་ལས”ཀྱི་བྱ་ཐབས་ལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད་པ་སྟེ།
             —— “དྲ་སྦྲེལ་+”འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས། ཞིང་ལས་ཐོན་སྐྱེད་ནང་དྲ་སྦྲེལ་གྱི་ལག་རྩལ་སྤྱོད་ཚད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པས། ཞིང་ལས་ཕྱོགས་སྒྱུར་རིམ་སྤོར་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
            —— ཞིང་ལས་དང་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས། ལས་རྣམ་གསར་པ་དབྱར་མཚོ་རྒྱས་པ་བཞིན་དར་རྒྱས་བྱུང་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2017ལོའི་ལོ་མཇུག་ཏུ་དྲ་ཐོག་ཚོང་དོན་གྲོང་གསེབ་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་དུ་དར་བ་དང་། རིམ་རྩིས་ལྟར་ན་རྫོང་756ལ་རྒྱབ་སྐྱོར་ཐུབ་ཡོད། གྲོང་གསེབ་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་གྲངས་སྒོར་དུང་ཕྱུར་ཁྲི་1.25ཟིན་པ་དང་། ཞིང་ལས་ཐོན་རྫས་དྲ་ཐོག་ཏུ། ཚོང་ཚད་སྒོར་དུང་ཕྱུར་3000གི་འགག་སྒོ་ཆེན་པོ་སྒྲོལ་ཏེ་མི་ཁྲི་2800ལྷག་ཙམ་གྱི་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་ཡོད།
             —— ཆ་འཕྲིན་གྲོང་ཚོ་དང་དུད་ཚང་དུ་ཁྱབ་པའི་འདུ་འགོད་ལག་བསྟར་བྱེད་ཁྱོན་རྒྱ་ཆེར་ཕྱིན་ནས། གྲོང་གསེབ་ཀྱི་ཆ་འཕྲིན་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། རང་རྒྱལ་གྱི་གྲོང་ཚོ་ཁྲི་20.4ལ་ཞིང་ཕན་ཆ་འཕྲིན་ཁང་བཙུགས་པ་དང་། སྤྱི་ཕན་ཞབས་ཞུ་དང་། དམངས་ཕན་ཞབས་ཞུ། དྲ་ཐོག་ཚོང་དོན། གསོ་སྦྱོང་ཉམས་ལེན་སོགས་ཀྱི་ཞབས་འདེགས་ཞུས་པ་དེས་རྒྱལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོའི་གསུམ་ཆ་གཅིག་བཟུང་ཡོད་པ་དང་། སྔོན་དཔག་བྱས་ན། འབྱུང་འགྱུར་ལོ་གཉིས་དང་གསུམ་རིང་གཞི་རྩའི་ཆ་ནས་ཁྱོན་ཡོངས་ལ་ཁྱབ་རྒྱུ་རེད།
              —— ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་སྒོ་དབྱེ་བྱེད་ཤུགས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ནས་གྲངས་གཞིའི་རིན་ཐང་མངོན་འགོ་ཚུགས་ཡོད། མིག་སྔར། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ཁུངས་འདེད་དང་། ཞིང་སྨན་ཕྱུགས་སྨན་གྱི་རྨང་གཞིའི་གྲངས་གཞི། གཙོ་གནད་ཞིང་ལས་ཐོན་རྫས་ཁྲོམ་རའི་ཆ་འཕྲིན། ཞིང་ལས་གཉེར་སྐྱོང་གི་བྱེད་པོ་དཔེ་གསར་གྱི་ཆ་འཕྲིན་ཐད་ཞུ་བཅས་ཀྱི་ལས་སྟེགས་ཆེན་པོ་བཞི་བསྐྲུན་པ་དང་། ཞིང་ཆེན་དང་གྲོང་ཁྱེར་21སྒྲིག་འཛུགས་བྱས་ནས་ཞིང་ལས་ཐོན་རྫས་གཙོ་བོ་ཁག་8ཀྱི་གྲངས་གཞི་ཆེན་པོའི་ཚོད་ལྟའི་ལས་དོན་འགོ་ཚུགས་ནས་གྲངས་གཞི་དོ་དམ་ཞབས་ཞུ་རིམ་བཞིན་ཐུབ་པ་དང་འབྲེལ་ཐོན་ཚོང་ལ་ཁྲིད་སྟོན་ཐུབ་ཡོད།
              —— དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས། “དྲ་སྦྲེལ་+ཞིང་ལས”ལ་རྒྱབ་སྐྱོར་བྱེད་པའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། གོམ་སྟབས་རྗེས་མར། ཞིང་ལས་གྲོང་གསེབ་པུས“དྲ་སྦྲེལ་+”ཞིང་ལས་ཐོན་རྫས་གྲོང་གསེབ་ནས་ཕྱིར་ཚོང་བྱེད་པའི་འདུ་འགོད་ལ་སྐུལ་འདེད་གཏོང་བ་དང་། ཆ་འཕྲིན་གྲོང་གསེབ་དང་དུད་ཚང་དུ་ཁྱབ་རྒྱུའི་འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་པ། གྲོང་གསེབ་ཏུ་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱ་རྒྱུ་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཞིང་ལས་ཟོག་འགྲེམས་དྲ་རྒྱའི་ས་ཁོངས་ཚོད་ལྟའི་གཞི་ཁྱོན་དང་། ཁྱབ་ཁོངས། ནང་དོན་བཅས་རྒྱ་ཆེར་གཏོང་བ། ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་ལས་འབྲེལ་ཐག་ཡོངས་ཀྱི་གྲངས་གཞི་ཆེན་པོ་གཏོད་པ། ཞིང་ལས་ཆ་འཕྲིན་ལྟ་དཔྱད་སྔོན་བརྡའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐུབ་ཡོད་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།