འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་གློག་ཕྱིར་གཏོང་གི་གྲོས་མཐུན་ཆེ་མོར་མིང་རྟགས་བཀོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་31ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་29ཉིན་གསར་འགོད་པར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། གཞི་ཁྱོན་ཆན་ཝ་ཆུ་ཚོད་དུང་ཕྱུར་16.3ཟིན་པའི“བོད་གློག་ཁྲུང་ཆིང་དུ་གཏོང་བའི”བྲིན་ཚོང་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་ཁྲུང་ཆིང་དུ་འཚོགས་པ་རེད། གྲོས་མཐུན་དེ་ནི་ད་བར་བོད་གློག་ཕྱིར་གཏོང་གི་གྲོས་མཐུན་ཆེ་ཤོས་དེ་ཡིན་པ་དེ་ཐོག་ནས་2018ལོ་ནས་2020ལོ་བར་ལོ་ལྟར་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་1.0དང་། གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་7.3 གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་8.0བཅས་བོད་ཀྱི་དྭངས་གཙང་གློག་ཁྲུང་ཆིང་དུ་གཏོང་རྒྱུ་ཡིན་པ་མཚོན་ཡོད། རྒྱལ་ཁབ་གློག་དྲ་ཀུང་སིའི་འབད་བརྩོན་ཧུར་ཐག་འོག་བོད་གློག་ཕྱིར་གཏོང་ལམ་བུ་སྔར་བས་ཤར་གཏོང་ཐུབ་པ་བྱུང་བ་དང་འབྲེལ་བོད་གློག་བྲིན་ཚོང་གི་ཁྲོམ་ར་8བར་མང་དུ་ཕྱིན་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། བོད་ནི་རང་རྒྱལ་གྱི་གལ་འགངས་ཆེ་བའི་དྭངས་གཙང་ནུས་རྒྱུ་འཐབ་ཇུས་གསོག་འཇོག་རྟེན་གཞི་ཡིན་ཞིང་། ཆུ་གློག་དང་དེ་བཞིན་ནུས་རྒྱུ་གསར་པ་གསར་སྤེལ་བྱེད་ཤུགས་ཆེ་བ་དང་ཆུ་རྒྱས་པའི་དུས་གློག་ཤུགས་འདང་ངེས་ཡོད་ལ་དྭངས་གཙང་ནུས་རྒྱུ་ཕྱིར་གཏོང་བྱེད་པའི་ནུས་པ་ཆེན་པོ་ལྡན་ཡོད། འབྲི་ཆུའི་སྟོད་རྒྱུད་ཀྱི་དཔལ་འབྱོར་གྲོང་ཁྱེར་གལ་ཆེན་ཡིན་པའི་ཁྲུང་ཆིང་གི་དཔལ་འབྱོར་འཕེལ་རྒྱས་མྱུར་བས་ཕྱི་ནས་གློག་ཉོ་བའི་ནུས་པ་ཆེན་པོ་ལྡན་ཡོད། བོད་དང་ཁྲུང་ཆིང་དབར་ནུས་རྒྱུ་མཁོ་སྤྲོད་ཐད་གསབ་རེས་རང་བཞིན་ཆེན་པོ་ལྡན་ཁར། “བོད་གློག་ཁྲུང་ཆིང་དུ་གཏོང་བའི”བྱེད་ཐབས་དེས་ས་ཁུལ་གཉིས་ཀྱི་དྭངས་གཙང་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་དང་། བོད་གློག་ཕྱིར་གཏོང་གི་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད། བོད་གློག་ཕྱིར་གཏོང་གི་ཁྲོམ་ར་རྒྱུན་ཆད་མེད་པར་ཆེར་གཏོང་། ས་གནས་ཀྱི་གློག་ཤུགས་འགན་ལེན་ལ་ཤུགས་སྣོན། གློག་ཤུགས་ཀྱི་ཐབས་ལམ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་པ་བཅས་བྱུང་བ་དང་འབྲེལ་ཁྲུང་ཆིང་ས་ཁུལ་དུ་གློག་མི་འདང་བའི་དཀའ་གནད་ཀྱང་སེལ་ཐུབ་པ་བྱུང་ཡོད། དེ་དང་ཆབས་ཅིག་གྲོས་མཐུན་ལ་མིང་རྟགས་བཀོད་པ་དེས་ཁྲུང་ཆིང་དུ་ཚད་ལྡན་རྡོ་སོལ་ཟད་ཚད་ཏུན་ཁྲི་48.9 དངCO2འབུད་ཚད་ཏུན་ཁྲི་162.5ཉུང་དུ་གཏོང་རྒྱུར་སྐུལ་མ་ཐེབས་རྒྱུ་དང་འབྲེལ་བོད་ལྗོངས་གློག་གཏོང་ཁེ་ལས་ལ་ཡོང་འབབ་སྒོར་དུང་ཕྱུར་3.3གཏོད་ཐུབ་རྒྱུ་མ་ཟད། ཁྲུང་ཆིང་དང་བོད་ལྗོངས་ས་གནས་གཉིས་ཀྱི་དཔལ་འབྱོར་ལྗང་མདོག་འཕེལ་རྒྱས་ལའང་སྐུལ་མ་ཐེབས་རྒྱུ་རེད།
         རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་འགན་ཁུར་བས“དུས་ཡུན་རིང་པོའི་ནང་རྒྱལ་ཁབ་གློག་དྲ་ཀུང་སིས་ནུས་རྒྱུ་བཀོད་སྒྲིག་བཟང་སྒྲིག་དང་། ལྷོ་ནུབ་དྭངས་གཙང་ནུས་རྒྱུའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་འཐབ་ཇུས་ལས་འགན་ལ་དམིགས་ནས‘སྲིད་ཇུས་ཀྱི་རྒྱབ་སྐྱོར+ཁྲོམ་ར་ཅན’གྱི་བྱེད་ཐབས་ལ་བརྟེན་ཏེ‘གློག་ཤུགས་བོད་སྐྱོར’ལས་དོན་བསམ་ཕྱོགས་རིམ་གྱིས་གྲུབ་པ་དང་འབྲེལ་བོད་ཀྱི་དྭངས་གཙང་ནུས་རྒྱུ་ཕྱིར་གཏོང་གི་ཕུགས་ཕན་ལས་ཀའི་ལམ་སྲོལ་བཙུགས་པ་དང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་བོད་གློག་ཕྱིར་གཏོང་གི་གྲངས་འབོར་དོན་འཁྱོལ་བྱས་ནས་བོད་ཀྱི་དྭངས་གཙང་ནུས་རྒྱུ་ནུས་ལྡན་ངང་ཕྱིར་གཏོང་རྒྱུར་སྐུལ་འདེད་གཏོང་ཐུབ་པ་བྱུང་ཡོད”ཅེས་ངོ་སྤྲོད་བྱས་བྱུང་།
         གྲངས་གཞིའི་ཐོག་ནས་མངོན་པར། 2017ལོའི་ལོ་མཇུག་བར་རིམ་རྩིས་བྱས་ན། བོད་གློག་ཕྱིར་གཏོང་བྱེད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་21.9ཟིན་ཞིང་། འདི་ནི་2015ལོར་བོད་གློག་ཕྱིར་གཏོང་ཐེངས་དང་པོ་བྱས་པ་བརྒྱུད། བོད་གློག་ཕྱིར་གཏོང་གི་གཞི་ཁྱོན་དང་ཁྲོམ་ར་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། དེའི་ནང་ཁྲོན་བོད་གློག་དྲའི་ལས་གྲྭས་སི་ཁྲོན་དང་། ཧྭ་པེ(ཅིང་ཅིན་ཐང) ཧུའུ་པེ། ཧོ་ནན་བཅས་སུ་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་4.5བཏང་བ་དང་། མཚོ་བོད་གློག་དྲའི་ལས་གྲྭས་ཀན་སུའུ་དང་། མཚོ་སྔོན། ཧྲའན་ཤིས། ཧྭ་པེ་བཅས་སུ་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་17.4བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།