མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་དབྱིན་ཇིའི་ཀུང་ཅོའེ་གཡོད་ཁེ་ཡི་རྒྱལ་སྲས་ཨན་ཏེ་ལུའུ་དང་མཇལ་
འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་31ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་29ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་དབྱིན་ཇིའི་ཀུང་ཅོའེ་གཡོད་ཁེ་ཡི་རྒྱལ་སྲས་ཨན་ཏེ་ལུའུ་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་རྒྱལ་སྲས་ཨན་ཏེ་ལུའུ་དང་དབྱིན་ཇིའི་གོང་མ་ཚང་གིས་ཀྲུང་གོ་དང་དབྱིན་ཇིའི་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་འབད་བརྩོན་ཆེན་པོ་བྱས་པར་བསྔགས་བརྗོད་གནང་ཞིང་། ཞི་ཅིན་ཕིང་གིས་རང་ཉིད་ཀྱིས་2015ལོར་དབྱིན་ཇིར་གྲུབ་འབྲས་ཐོབ་པའི་རྒྱལ་དོན་འཚམས་འདྲི་བྱས་ཏེ་ཀྲུང་དབྱིན་གྱི་འབྲེལ་བའི“དུས་རབས་ཡག་ཤོས”བཏོད་ཡོད། མིག་སྔར་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། འོན་ཀྱང་ཀྲུང་དབྱིན་གྱི་འབྲེལ་བའི“དུས་རབས་ཡག་ཤོས”མུ་མཐུད་བརྟན་པོའི་ངང་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། དབུ་བཞུགས་བློན་ཆེན་ཐེ་ལི་ཧྲ·མེ་ཡིས་འདི་ལོའི་ལོ་འགོར་ཀྲུང་གོར་གྲུབ་འབྲས་ཐོབ་པའི་སྒོ་ནས་འཚམས་འདྲི་གནང་ནས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་རྣམ་པ་ཡག་པོ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇི་ཕྱོགས་དང་མཐོ་རིམ་འགྲོ་འོང་མུ་མཐུད་ཟབ་ཏུ་གཏོང་བ་དང་ལམ་སྲོལ་རང་བཞིན་གྱི་སྐད་ཆ་ཤོད་རེས་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས་ཀྲུང་དབྱིན་འབྲེལ་བ་དེ་ཡང་དག་པའི་བགྲོད་ལམ་བརྒྱུད་སྐྱོན་བྲལ་དང་བརྟན་ལྷིང་ངང་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་བདེ་བླག་ངང་མངོན་འགྱུར་བྱ་ཆེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་རང་བརྟེན་གསར་གཏོད་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་ཡིན། ཀྲུང་གོས་སྒོ་དབྱེ་རྒྱ་ཆེར་བཏང་ནས་གསར་གཏོད་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། ཀྲུང་དབྱིན་རྒྱལ་ཁབ་གཉིས་པོས་ཚན་རྩལ་གསར་གཏོད་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་གཉིས་ཁེ་གཉིས་ཕན་མངོན་འགྱུར་ཡོང་རྒྱུར་ཕན་ཐོགས་ཡོད་པ་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི“དུས་རབས་ཡག་ཤོས”ཆེད་ནང་དོན་གསར་པ་དེ་བས་མང་བ་སྣོན་དགོས་ཞེས་ནན་བཤད་གནང་བ་རེད།
         ཨན་ཏེ་ལུའུ་ཡིས་ཞི་ཅིན་ཕིང་གིས་མཇལ་འཛོམས་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། རྒྱལ་མོ་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ངང་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་བ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཨན་ཏེ་ལུའུ་ལ་རྒྱལ་མོ་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པར་མཛའ་བརྩེའི་འཚམས་འདྲི་བརྒྱུད་ཞུ་གནང་རོགས་ཞེས་གསུངས་པ་རེད།
         ཨན་ཏེ་ལུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2015ལོར་དབྱིན་ཇིར་གྲུབ་འབྲས་ཐོབ་པའི་ངང་རྒྱལ་དོན་འཚམས་འདྲི་གནང་སྟེ་དབྱིན་ཀྲུང་རྒྱལ་ཁབ་གཉིས་པོའི་རྒྱ་ཆེ་བའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། དབྱིན་ཇིས་ཀྲུང་གོའི་དཔལ་འབྱོར་དེ་འཕར་ཚད་མགྱོགས་པོ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགྱུར་བར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། རང་ཉིད་ཀྱིས་རྒྱལ་ཁབ་གཉིས་པོའི་ཚན་རྩལ་དང་། གསར་གཏོད། ཐོན་ལས་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་མུ་མཐུད་གཞོལ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་ཟབ་ཏུ་བཏང་སྟེ་དབྱིན་ཀྲུང་གི“དུས་རབས་ཡག་ཤོས”སུ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         དབྱང་ཅེ་ཁྲེ་དང་ཝང་དབྱི་སོགས་མཇལ་འཛོམས་གནང་བར་ཕེབས་ཡོད་པ་རེད།
        གཡོད་ཁེ་ཀུང་ཅུའེ་ཡི་རྒྱལ་སྲས་ཨན་ཏེ་ལུའུ་ནི་ཀྲུང་གོ་མི་དམངས་ཕྱི་འབྲེལ་སློབ་ཚོགས་ཀྱིས་གདན་དྲངས་པ་ཞིག་ཡིན་པ་དང་། ཁོང་ཀྲུང་གོར་ཕེབས་ནས་སྐབས་གཉིས་པའི་ཚན་རྩལ་གསར་གཏོད་ནང་དོན་དུ་བྱས་པའི“འབྲུག་སྒོ་རྩེ་གྲ་གཏོད་པའི”ཀྲུང་གོ་ཁུལ་གྱི་སྤྱིའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པ་རེད།