འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་བོད་རིགས་ས་ཁུལ་གྱི་ས་མཐོའི་གཏེར་ཁུལ་དུ་སླར་ཡང་ཝ་མོ་སླེབས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་31ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “ཝ་མོ་ཆུང་ཆུང་མགྱོགས་པོ་ཤོག”ཅེས་པའི་སྐད་ཐོས་མ་ཐག་སྦྲགས་སྒལ་པ་སེར་པོ་དང་བྲང་ཁོག་དཀར་པོ་ཡིན་པའི་ཝ་མོ་ཆུང་ཆུང་ཞིག་རྒྱུག་ཡོང་སྟེ་རྡོ་སོལ་གཏེར་ཁུལ་གྱི་བཟོ་པས་སྟེར་བའི་ཤ་དེ་འཁྱེར་ནས་ཅུང་དོགས་ཟོན་གྱིས་ས་ཆ་གཞན་དུ་སྐྱོད་དེ་ཟས། དེ་ནི་ཉིན་ཤས་གོང་ཧོ་ནན་ནུས་རྒྱུ་རྫས་འགྱུར་བཟོ་ལས་ཚོགས་པའི་ཁོངས་གཏོགས་ཀྱི་དབྱི་ཧའེ་ནུས་རྒྱུ་ཀུང་སི་མཚོ་སྔོན་མུ་རི་རྡོ་སོལ་གཏེར་ཁའི་ལས་ཡུལ་དུ་ཐོན་པའི་རྣམ་པ་ཞིག་རེད། 2017ལོའི་ཟླ་བ་དྲུག་པ་ནས་བཟུང་ཝ་མོ་ཆུང་ཆུང་གཉིས་གཏེར་ཁུལ་གྱི་རྒྱུན་གཏན་གྱི་མགྲོན་པོར་གྱུར་པ་དང་ཉིན་ཤས་བསྟུད་མར་གཏེར་ཁུལ་དུ་ཟས་འཚོལ་བར་ཡོང་བས་གཏེར་འདོན་བཟོ་པ་ཚོས་ཀྱང་རང་ཉིད་ཀྱི་ཕོར་པའི་ནང་གི་ཤ་ཝ་མོ་དེ་གཉིས་ལ་སྟེར་གྱི་ཡོད།
         “སྐབས་རེ་ཝ་མོ་གཅིག་ཡོང་བ་དང་སྐབས་རེ་ཝ་མོ་གཉིས་ཡོང་ནས་དེ་གཉིས་ཁྱིམ་ཚང་གཅིག་ཡིན་མིན་དབྱེ་འབྱེད་ཐུབ་ཀྱི་མིན་འདུག བཟོ་པ་ཚོས་ཝ་མོ་དེ་གཉིས་ལ་དགའ་པོ་བྱེད་ཀྱི་ཡོད། ཝ་མོ་དེ་གཉིས་སྐབས་རེ་ཟས་འཚོལ་བར་མ་ཡོང་ཚེ་ཚང་མས་སེམས་ཁྲལ་བྱེད་ཀྱི་ཡོད”ཅེས་དབྱི་ཧའེ་ནུས་རྒྱུ་མུ་རི་རྡོ་སོལ་གཏེར་ཁ་ཐོན་སྐྱེད་པུའི་པུའུ་ཀྲང་ཚའེ་ཝུན་ཅེས་འཛུམ་དམུལ་དམུལ་ངང་བཤད།
        མུ་རི་རྡོ་སོལ་གཏེར་ཁུལ་དེ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཐེམ་རྫོང་ཁོངས་སུ་གནས་པ་དང་མཚོ་བོད་ས་མཐོའི་བྱང་རྒྱུད་ཀྱི་མདོ་ལ་རིང་མོ་ཁུལ་དུ་གནས་པས་ས་བབ་མཐོ་ཚད་སྨི་4000ཡན་ཟིན་གྱི་ཡོད། མིག་སྔར་རྡོ་སོལ་ཏུན་དུང་ཕྱུར་31.4གསོག་ཉར་བྱས་ཡོད་པ་རེད།
         ཚའེ་ཝུན་ཅེ་ནི་དེ་སྔོན་ཧོ་ནན་ནས་ས་མཐོར་ལས་ཀ་བྱེད་པར་ཡོང་མཁན་གྱི་གྲས་ཤིག་རེད། ཁོང་གིས“ལོ་བཅུ་ལྷག་ཙམ་གོང་ཐོག་མར་དེར་སྣོད་བཅུད་ཧ་ཅང་ཡག་པོ་འདུག དགོང་མོ་སྦྲ་གུར་དུ་ཉལ་སྐབས་སྤྱང་ཀིས་སོ་མི་རྒྱག་པའི་ཆེད་ངེས་པར་དུ་ལྷམ་མ་ཕུད་པར་རྐང་པ་སྦྲ་གུར་གྱི་སྒོར་ཕྱོགས་ནས་ཉལ་དགོས་ཀྱི་ཡོད། དེར་ཝ་མོ་དང་། རྐྱང་། རྒོ་བ་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་མང་པོ་མཐོང་རྒྱུ་ཡོད”ཅེས་བཤད།
         མུ་རིར་རྡོ་སོལ་སྔོག་འདོན་བྱེད་མཁན་ཁེ་ལས་མང་པོ་ཞིག་སླེབས་པ་དང་ཆབས་ཅིག ཁེ་ལས་ཁག་གཅིག་གིས་དཔལ་འབྱོར་གྱི་ཁེ་ཕན་རག་ཆེད་ཁྲིམས་འགལ་སྒྲིག་འགལ་ངང་ཐོན་སྐྱེད་བྱས་ཏེ་གཏེར་ཁ་འབོར་ཆེན་སྔོག་འདོན་བྱས་པར་བརྟེན་གདོད་མའི་སྣོད་བཅུད་ལ་གནོད་འཚེ་ཕོག་ནས་སྤང་ལྗོངས་ལ་སྦགས་བཙོག་ཤོར་བ་དང་ཆུ་གསོག་ནུས་ཆུང་དུ་ཕྱིན་ཡོད་པ་་རེད།
        “མི་དང་རླངས་འཁོར་ཇེ་མང་དུ་ཕྱིན་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཇེ་ཉུང་དུ་འགྲོ་བཞིན་འདུག ལོ་འགའ་ཤས་རིང་གཏེར་ཁུལ་དུ་ཝ་མོ་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་མཐོང་མ་བྱུང”ཞེས་ཚའེ་ཝུན་ཅེ་ཡིས་བློ་ཕམ་ངང་བཤད།
         2014ལོའི་ཟླ་8པར་མུ་རི་རྡོ་སོལ་གཏེར་ཁུལ་གྱི་སྣོད་བཅུད་ཁོར་ཡུག་གནད་དོན་ལ་རྒྱལ་ཁབ་ཕྱི་ནང་གིས་དོ་ཁུར་ཆེན་པོ་ཐོབ་ཡོད། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་གནད་དོན་དང་འབྲེལ་བ་ཡོད་པའི་ཁེ་ལས་ཐོན་སྐྱེད་བྱེད་མཚམས་བཞག་ནས་གཏེར་རིའི་སྣོད་བཅུད་ཁོར་ཡུག་སླར་གསོ་བྱ་རྒྱུའི་བཀའ་བཏང་བ་རེད།
         “ང་ཚོས་ཁོར་ཡུག་གནད་དོན་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱེད་ཀྱི་ཡོད། 2009ལོར་ས་དང་རྩྭ་མཉམ་དུ་སྤོ་འཛུགས་འཚོལ་ཞིབ་བྱེད་འགོ་ཚུགས་པ་དང་། 2013ལོར་སླར་ཡང་མ་དངུལ་སྒོར་ཁྲི་2000ལྷག་ཙམ་བཏང་ནས་ཚན་ཞིབ་སྒྲིག་གཞི་དང་མཉམ་དུ་མཐོ་གྲང་ས་ཁུལ་གྱི་མི་ལ་བརྟེན་པའི་རྩྭ་འདེབས་ལག་རྩལ་གྱི་འགག་སྒྲོལ་ཐུབ་པ། 2014ལོ་ནས་ད་བར་གཅིག་རྗེས་གཉིས་མཐུད་ངང་མ་དངུལ་སྒོར་དུང་ཕྱུར་2ལྷག་ཙམ་བཏང་སྟེ་སྔོ་ཁེབས་སླར་གསོ་བྱས་པར་ཕན་འབྲས་ངེས་ཅན་ཞིག་ཐོན་ཡོད། ཞིང་ཆེན་དང་། ཀྲོའུ། རྫོང་བཅས་ཀྱི་མཉམ་འབྲེལ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཆོག་མཆན་ཐོབ་པ་བརྒྱུད་ང་ཚོ་མུ་རི་རྡོ་སོལ་གཏེར་ཁུལ་དེ་ཐོན་སྐྱེད་སླར་གསོ་བྱས་པའི་ཁེ་ལས་འབའ་ཞིག་དེར་གྱུར་ཡོད”ཅེས་དབྱི་ཧའེ་ནུས་རྒྱུ་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཏོན་ཤིན་ཝུའེ་ཡིས་དེ་ལྟར་བཤད།
      

    ཕྱོགས་བསྡུས་གསར་འགྱུར།