འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱིས་ལྗང་མདོག་སྣོད་བཅུད་ཀྱི་དམངས་འཚོའི་འཆར་གཞི་བཏིངས་པ། 

    མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ལིའུ་ཡུས་གོ་དང་། ཀྲང་ཝུན། སུང་ཧའོ་ཤིན། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་28ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྣོད་བཅུད་ཀྱི་འདུ་ཤེས་མི་སེམས་ལ་འཇགས་པ།
          སྣོད་བཅུད་འཕེལ་རྒྱས་གཏོང་རྒྱུ་ནི་མི་དམངས་ཀྱི་བདེ་རྩ་དང་འབྲེལ་བ་ཡོད། ཉེ་བའི་ལོ་ཤས་རིང་སི་ཁྲོན་གྱིས་སྣོད་བཅུད་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་ཕུགས་ཀྱི་འཕེལ་རྒྱས་དང་རྒྱུན་སྲིང་འཕེལ་རྒྱས་ཀྱི་འགག་རྩའི་བྱ་ཐབས་སུ་བརྩིས་ནས་རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི“དམག་འཐབ་ཆེན་པོ་གསུམ”ཕྱོགས་ཡོངས་ནས་རྒྱག་འགོ་བཙུགས་ཏེ་ལྗང་མདོག་རྨང་གཞིར་བྱས་པའི་དམངས་འཚོའི་འཆར་གཞི་རིམ་བཞིན་འདིང་འགོ་ཚུགས་པ་རེད།
         “ད་ཆ་ཆར་པ་ཆེན་པོ་འབབ་རིམ་བཞིན་རི་ནས་རྒྱུག་པའི་ཆུ་ལ་བྱེ་འདམ་དེ་ཙམ་མང་པོ་མི་འདུག”རི་སྟེང་དུ་སྔོ་ཐིང་ངེར་སྐྱེས་པའི་ཇ་ལོར་ལྟ་བཞིན་ཆིང་ཁྲོན་རྫོང་ཧྲེ་པ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཞང་ཅུན་གྱིས་མྱོང་ཚོར་ཆེན་པོས་དེ་ལྟར་བཤད།
          ཧྲེ་པ་ཤང་སན་ཅང་གྲོང་ཚོ་ནི་ཏུང་ཧོ་ཁོའུ་ས་ཡོམ་གནའ་ཤུལ་གྱི་སྤྱི་གླིང་དུ་གནས་པ་དང་རི་མཐོ་ལ་གཡང་གཟར་བ་དང་ས་ཆ་སོབ་སོབ་ཡིན་པའི་ཁར་ས་ཆུ་ཤོར་ཚད་ཧ་ཅང་ཚབས་ཆེན་པོ་ཡོད། དབྱར་དུས་འཆར་རིམ་བཞིན་འདམ་རྡོའི་ཆུ་རུད་སོགས་ས་གཤིས་ཀྱི་གནོད་འཚེ་ཐོན་ཧ་ཅང་སླ་པོ་ཡོད། 2016ལོར་ཧྲེ་པ་ཤང་གིས་སན་ཅང་གྲོང་ཚོར་སྣོད་བཅུད་བཅོས་སྐྱོང་བྱས་ཏེ་ཇ་ལོ་མུའུ་1000བཏབ་པར་ཇ་སྡོང་གི་རྩ་བ་སྟུག་པས་ས་ཆུ་སྲུང་སྐྱོང་ཡག་པོ་ཐུབ་ཀྱི་ཡོད་ལ་ས་ཆ་དེ་གའི་གནམ་གཤིས་ཀྱང་ཇ་ལོ་སྐྱེ་འཚར་ཡོང་བར་འཚམ་པོ་ཡོད། དུས་དེ་ནས་བཟུང་ས་ཆ་དེ་གའི་ས་ཆུ་ཤོར་ཚད་ལ་ཚོད་འཛིན་ཐུབ་པ་རེད།
          སྣོད་བཅུད་བཟང་པོ་ནི་དམངས་འཚོ་འཕེལ་རྒྱས་ཀྱི་སྔོན་འགྲོ་རེད། སི་ཁྲོན་གྱི་ས་ཆ་ཁག་གིས་གནད་དོན་ལ་དམ་པོར་དམིགས་ནས་བཙོག་བཅོས་བྱ་སྤྱོད་ཡག་པོ་སྤེལ་བ་རེད། ཞིང་ཆེན་ཡོངས་ཀྱི་ཁྲིམས་འགལ་གྲུ་ཁ་88ཚང་མ་གཉེར་སྐྱོང་བྱེད་མཚམས་བཞག་པ་དང་ཁྲིམས་འགལ་བྱེ་རྡོ་སྔོག་མཁན་ཚང་མར་ཚོད་འཛིན་ནུས་ལྡན་བྱས་ཡོད། ལོ་རྒྱུས་ཀྱི་ཤུལ་བཞག་ཡིན་པའི་ཐུའོ་ཅང་གཙང་པོའི་རྒྱུད་ཀྱི་ལིན་རྡོའི་སྙིགས་རོ་སྤུང་སར་གཅིག་སྡུད་བཅོས་སྐྱོང་བྱས་ཏེ་ཁག་གཅིག་སྒོ་རྒྱག་པ་དང་། ཁག་གཅིག་གནས་སྤོ་བ། ཁག་གཅིག་གླིང་དུ་འཛུལ་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཁེ་ལས་ཁྲི་3.5ལྷག་ཙམ་བཅོས་སྒྲིག་བྱས་པ་རེད། གསོ་སྤེལ་ར་བ་དང་གསོ་སྤེལ་ཁུལ་ཆུང་ཁྲི་1.3སྒོ་བརྒྱབ་པའམ་ཡང་ན་གནས་སྤོ་བྱས་པ་དང་གསོ་སྤེལ་ར་བ་ཁྲི་21ལྟ་སྐུལ་དོ་དམ་བྱེད་ཁོངས་སུ་བཅུག་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གད་སྙིགས་གཙང་སེལ་གྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་ལོ་གསུམ་གྱི་སྐུལ་གཏོང་ཇུས་གཞི་ལག་བསྟར་བྱས་ཏེ་སྦགས་བཙོག་འགོག་བཅོས་ཀྱི་གཙོ་གནད་རྣམ་གྲངས་683ལས་འགོ་བཙུགས་པར་མ་དངུལ་བསྡོམས་སྒོར་དུང་ཕྱུར་1200ལྷག་ཙམ་བཏང་བ་རེད།
          དམངས་འཚོའི་དགོས་མཁོ་དང་འཚམ་པར་བྱས་ཏེ་སྣོད་བཅུད་དང་འབབ་འཕར་མཉམ་དུ་འཕེལ་རྒྱས་བཏང་བ།
          ད་ཕན་ལོ་ཤས་རིང་དཀར་མཛེས་ཀྲོའུ་ཡིས་ས་ཁོངས་ཕལ་ཆེ་བ་རི་མཐོ་དང་གྲོག་རོང་དུ་གནས་པའི་གནས་བབ་ལ་དམིགས་ནས་ཡུལ་བབ་དང་བསྟུན་ཏེ་རི“གདུང་མར”བྱེད་པ་དང་ཆུ“འབྱུང་ཁུངས”སུ་བྱས་ནས“རིར་ལྗོན་ཤིང་འདེབས་པ་དང་། ལམ་དུ་མེ་ཏོག་འདེབས་པ། གཙང་ཆུ་མཚོ་སྐྱིལ”བཅས་ཀྱི་བསམ་ཕྱོགས་ལྟར་སྣོད་བཅུད་སྲུང་ཡོལ་བརྟན་པོ་བསྐྲུན་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།
          “འདི་ལོ་ངས་ཤ་མོ་ལུག་གྲོད་མུའུ་10ལྷག་ཙམ་བཏབ་པར་བྲིན་ཁ་ཧ་ཅང་རྒྱུག་པོ་བྱུང་ནས་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་བྱུང”ཞེས་རོང་བྲག་རྫོང་སྒོ་ཕྱེད་ཤང་བླ་མ་དགོན་གྲོང་ཚོ་གཉིས་པའི་གྲོང་མི་ཡོན་ཆང་གིས་གསར་འགོད་པར་བཤད། དཀར་མཛེས་ཀྱིས་ས་མཐོའི་རི་སྐེད་དུ་དཔལ་འབྱོར་ནགས་ཤིང་འདེབས་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་སྟར་ཁ་དང་གཡེར་མ་སོགས་སྐམ་འབྲས་དང་། ཀུ་ཤུ་དང་། ལི། སེའུ་དམར་སོགས་ཁྱད་ལྡན་ཤིང་འབྲས། སྔོ་ཚལ་དང་ཀྲུང་ལུགས་དང་བོད་ལུགས་སྨན་རྫས་སོགས་ཁྱད་ལྡན་ཐོན་ལས། མོག་རོ་དང་། ཤ་མོ། མོག་རོ་དཀར་པོ། ཤ་མོ་ལུག་གྲོད་སོགས་ནགས་ཁྲོད་ཐོན་རྫས་འཕེལ་རྒྱས་ཤུགས་ཆེན་བཏང་བ་རེད། རི་གཤམ་གྱི་གནམ་གཤིས་ཡག་པའི་ལུང་གཞུང་རྒྱུད་དུ་འབྲུ་རིགས་སྐྱེ་དངོས་གཙོ་བོར་བཏབ་ནས་སྤྱི་གནོད་མེད་པའི་ཞིང་ནང་ཐོན་རྫས་རྟེན་གཞི་མུའུ་ཁྲི་109གཏན་འཁེལ་བྱས་ཏེ་ཁྱད་ལྡན་ཞིང་ལས་ཐོན་ལས་རྟེན་གཞི་མུའུ་ཁྲི་50.8བསྐྲུན་པར་ལོ་9བསྟུད་མར་འབྲུ་རིགས་ཐོན་སྐྱེད་ལ་ལོ་ལེགས་བྱུང་བ་རེད།
          སྣོད་བཅུད་སླར་གསོ་བྱས་པ་བརྒྱུད་པེ་ཁྲོན“རི་མཐོང་ཐུབ་པ་དང་། ཆུ་མཐོང་ཐུབ་པ། ཕ་ཡུལ་ལ་འཕྲེང་སེམས་ཡོད་པ”བཅས་ཀྱི་ཡིད་དབང་འཕྲོག་པའི་ཆའང་རིགས་གྲོང་ཞིག་ཏུ་གྱུར་ནས་མི་སེར་གྱིས་རིར་བརྟེན་ནས་འཚོ་བ་སྐྱེལ་བ་དང་ཁྱིམ་གྱི་སྒོ་ཁ་ནས་ཡོང་འབབ་གསོག་ཐུབ་པའི་འཚོ་བ་དངོས་སུ་སྐྱེལ་རྒྱུ་བྱུང་ཡོད། 2017ལོར་རྒྱལ་ཁབ་ཀྱི“ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་རྫོང”ཁག་དང་པོའི་གསར་གཏོད་ཚན་པ་ཡིན་པའི་ངོས་ནས་པེ་ཁྲོན་དུ་ཡུལ་སྐོར་བ་མི་ཐེངས་ཁྲི་635.07ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་26.87%འཕར་བ་དང། འབྲེལ་ཡོད་ཐོན་ལས་ལ་ཡོང་འབབ་སྒོར་དུང་ཕྱུར་51.71གཏོད་རྒྱུར་སྐུལ་ཁྲིད་བྱས་པ་དེ་དུས་མཚུངས་ལས་27.02%འཕར་བའི་ནང་གྲོང་གསེབ་ཡུལ་སྐོར་ཐད་ཡུལ་སྐོར་བ་མི་ཐེངས་ཁྲི་222.27ལ་སྣེ་ལེན་ཞུས་ནས་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་18.09བྱུང་ཡོད། ཞིང་པ་མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་11851བྱུང་ནས་རྫོང་ཡོངས་བདེ་བླག་ངང་དབུལ་སྒྲོལ་ཐུབ་པ་རེད།
          གནད་སྨིན་དབུལ་སྐྱོར་ལ་དམིགས་ནས་སྣོད་བཅུད་བཟང་པོ་ཕྱུག་འགྱུར་གྱི་ཐབས་ལམ་གསར་པར་གྱུར་པ།
          “སྣོད་བཅུད་དབུལ་སྐྱོར་གྱིས་ཕིང་ཝུའུ་ཡིས་སྤུས་ཚད་མཐོ་བའི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་སྒུལ་ཤུགས་ཆེན་པོ་བསྣན་ཡོད” ཟླ་5ཚེས་16ཉིན་ཨ་ལི་པ་པ་སྣོད་བཅུད་དབུལ་སྐྱོར་སྤེལ་རེས་ཚོགས་འདུ་སི་ཁྲོན་ཕིང་ཝུའུ་རྫོང་དུ་འཚོགས་པ་དང་སྤེལ་རེས་ཚོགས་འདུའི་ཐོག་ཕིང་ཝུའུ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ཧོང་ཅུན་གྱིས་ཕིང་ཝུའུ་སྣོད་བཅུད་དབུལ་སྐྱོར་ཚོད་ལྟའི་རྫོང་དང་པོའི་ངོས་ནས་ཨ་ལི་པ་པ་དང་མཉམ་ལས་བྱས་ཏེ་སྲུང་སྐྱོང་ཁུལ་གྱི་མཐའ་འཁོར་སྣོད་བཅུད་ཐོན་རྫས་གཉེར་ཚོང་དང་ཐོན་ལས་ལག་རྩལ་མ་ལག་ཅན་གྱི་གསོ་སྦྱོང་བརྒྱུད་སྣོད་བཅུད་ཀྱི་བྱེད་ཐབས་ལ་བརྟེན་ནས“རི་སྔོ་ཆུ་དྭངས” “གསེར་རི་དངུལ་རིར”དངོས་སུ་འགྱུར་བར་བྱ་རྒྱུ་རེད་ཅེས་བརྗོད།
          “སྣོད་བཅུད་བཟང་པོ་བྱུང་ཚེ་ཤིང་འབྲས་ཀྱི་སྤུས་ཀའང་དག་པོ་ཡོང་སྲིད” གཟི་རྩ་སྡེ་དགུ་རྫོང་ཧྲོང་ཧོ་ཤང་ཚའོ་ཕིང་གྲོང་ཚོར་སྐྱོད་སྐབས། གྲོང་མི་ཝན་ཐའོ་ཡུན་ཞིང་ཁར་ངལ་རྩོལ་བྱེད་བཞིན་ཡོད་པ་དང་ཁྱིམ་འགྲམ་གྱི་ཤིང་འབྲས་ར་བར་སྤྲེལ་ཁམ་སྐྱེ་འཚར་ཡག་པོ་འདུག
           ཚའོ་ཕིང་གྲོང་ཚོ་ནི་རི་མཐོའི་རི་སྐེད་དུ་གནས་པ་དང་གྲོང་མི་ཚོས་མ་རྨོས་ལོ་ཏོག་དང་ཞོག་ཁོག་སོགས་སྲོལ་རྒྱུན་གྱི་ཞིང་ནང་སྐྱེ་དངོས་བཏབ་ནས་འཚོ་བ་སྐྱེལ་བ་དེས་ཁྱིམ་མིའི་འཚོ་བ་འཕྱིད་ཙམ་ལས་མེད། ཝན་ཐའོ་ཡུན་འདི་ལོ་ལོ་55སླེབས་པ་དང་ཁྱིམ་དུ་མི་8ཡོད་ཅིང་། བཟའ་ཟླ་དང་བུ་ལོ་ལྟར་ཕྱི་ཕྱོགས་སུ་ལས་མི་བྱེད་པར་འགྲོ་བས་ཁྱིམ་གྱི་ཞིང་ལས་ཚང་མ་ཁོང་གཅིག་པུས་བྱེད་དགོས་ཀྱི་ཡོད། “གཟི་རྩ་སྡེ་དགུ་རྫོང་གི་སྣོད་བཅུད་དེ་སྤྲེལ་ཁམ་འདེབས་རྒྱུར་འཚམ་པ་བསམ་ཡུལ་ལས་འདས་སོང”ཞེས་འབྲས་པུའི་ཁུར་གྱིས་དུད་པའི་ཁམ་སྡོང་ལ་ལྟ་བཞིན་ཝན་ཐའོ་ཡུན་གྱིས་དགའ་ཚོར་ཆེན་པོ་བྱེད་ཅིང་། ཁོང་གི་གཡོག་བྱེད་ཞིབ་ཚགས་འོག་གཞེས་ཉིང་ལོར་བཏབ་པའི་མུའུ་3ཡོད་པའི་སྤྲེལ་ཁམ་གྱི་སྡོང་པོ་ཚང་མར་འབྲས་བུ་བཏགས་པ་དང་ཁམ་རྡོག་ཆེན་པོ་དེ་ཙམ་མེད་མོད། སྤུས་ཀ་དག་པོ་ཡོད་པས་ཐོན་འབབ་ལེགས་པའི་སྐབས་མུའུ་རེར་ཡོང་འབབ་སྒོར་ཁྲི་གཉིས་ཙམ་ཡོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།