འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཧུའུ་ཁྲུན་ཧྭ་ཡིས་ཞིང་ལས་ཚན་རྩལ་གསར་གཏོད་མགྱོགས་པོ་བྱས་ཏེ་དེང་རབས་ཞིང་ལས་ལ་
    སྣེ་ཁྲིད་བྱེད་དགོས་ཞེས་གསུངས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་28ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་ཞིང་ལས་ཚན་རིག་ཁང་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་ནས་ལོ་གཅིག་འཁོར་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་ཚེས་26ཉིན་ཀྲུང་གོ་ཞིང་ལས་ཚན་རིག་ཁང་དུ་ཞིང་ལས་ཚན་རྩལ་ལས་ཀར་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ཞིང་ལས་ཚན་རྩལ་གསར་གཏོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཞིང་ལས་ཚན་རྩལ་གསར་གཏོད་བྱ་རྒྱུ་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་ལྟེ་བའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་སྲིད་ཇུས་དང་བྱ་ཐབས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ལས་ཚན་རྩལ་ཡར་ཐོན་དང་གསར་གཏོད་ཀྱི་ཆུ་ཚད་གང་མགྱོགས་མཐོ་རུ་གཏོང་བ་བཅས་བྱས་ཏེ། རང་རྒྱལ་ཞིང་ལས་ཀྱི་རྒྱལ་ཁབ་ཆེན་པོ་ནས་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་སུ་སྐྱོད་པར་ཚན་རྩལ་གྱི་འདེགས་སྐྱོར་བརྟན་པོ་ཞིག་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཧུའུ་ཁྲུན་ཧྭ་ཡིས་སྔ་རྗེས་སུ་ཀྲུང་གོ་ཞིང་ལས་ཚན་རིག་ཁང་རྒྱལ་ཁབ་སྐྱེ་དངོས་གཞི་རྒྱུའི་ཐོན་ཁུངས་མཛོད་དང་། ཚན་རིག་ལས་གྲྭའི་ཐོག་ཁང་གལ་ཆེན་དང་དེང་རབས་ཞིང་ལས་ཚན་རྩལ་འགྲེམས་སྟོན་གླིང་གལ་ཆེན་དུ་ཕེབས་ནས་ཞིང་ལས་སྐྱེ་དངོས་ཀྱི་གཞི་རྒྱུའི་ཐོན་ཁུངས་བདེ་འཇགས་ཉར་ཚགས་དང་བེད་སྤྱོད་ནུས་ལྡན་གྱི་གནས་ཚུལ་དང་དེང་རབས་སྐྱེ་དངོས་སོན་གསོ་ལག་རྩལ་ཞིབ་སྤེལ་དང་བེད་སྤྱོད་ཀྱི་འཕེལ་རིམ་ཤེས་རྟོགས་གནང་བ་དང་། ས་གནས་ས་ཐོག་ཏུ་སྔོ་ཚལ་གྱི་འཚོ་བཅུད་དང་སྤུས་ཚད་སྙོམས་སྒྲིག་དང་རྩི་ཤིང་བཟོ་གྲྭའི་རིག་ནུས་ཅན་གྱི་དོ་དམ་ཚོད་འཛིན་སོགས་ཀྱི་ཞིབ་སྤེལ་དང་བེད་སྤྱོད་འཕེལ་རིམ་གྱི་གནས་ཚུལ་རྟོག་ཞིབ་གནང་བ་མ་ཟད། ཚན་ཞིབ་མི་སྣ་དང་གྲོས་བསྡུར་སྤེལ་རེས་ཀྱང་གནང་བ་རེད། བརྟག་ཞིབ་གནང་རིང་། ཧུའུ་ཁྲུན་ཧྭ་ཡིས་ཞིང་ལས་ཚན་རྩལ་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཁྱབ་ཁོངས་མི་འདྲ་བའི་རིགས་གཅིག་མཁས་ཅན་དང་ཁེ་ལས་མཁས་ཅན་8ཀྱིས་ཞིང་ལས་ཚན་རྩལ་ལས་ཀར་བཏོན་པའི་བསམ་འཆར་དང་གྲོས་འགོ་གསན་པ་རེད།
          ཧུའུ་ཁྲུན་ཧྭ་ཡིས་གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་དང་པོ་ཡིན་པས། ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བའི་འགག་རྩ་ནི་ཚན་རྩལ་ཡར་ཐོན་དང་གསར་གཏོད་ལ་ཐུག་ཡོད། རང་རྒྱལ་གྱི་གནས་ཚུལ་དང་ཞིང་ལས་ཀྱི་གནས་ཚུལ་ལ་གཞིགས་པ་དང་། ཞིང་ལས་ཚན་རྩལ་གྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ། ཞིང་ལས་ཚན་རྩལ་གྱི་ཚད་བརྒལ་ཁ་ཕྱོགས་གནད་འཁེལ་འཚོལ་བ་བཅས་བྱས་ཏེ། ཞིང་ལས་གསར་གཏོད་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་ཚན་རྩལ་གྱི་མངོན་གསལ་དོད་པའི་དཀའ་གནད་ཧུར་ཐག་བསལ་ནས་རང་རྒྱལ་གྱི་ཞིང་ལས་ཚན་རྩལ་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་འགྲོ་བར་སྐུལ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།