འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་རིམས་འགོག་སྨན་གྱི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྡོམ་མ་ལག་བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་27ཉིན། 11:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་བཟའ་བཅའ་དང་སྨན་རྫས་ཞིབ་དཔྱད་གཏན་འཁེལ་ཞིབ་འཇུག་སུའོ་ཡི་ཡོན་ཀྲང་གཞོན་པ་ཝང་ཡིའུ་ཁྲུན་གྱིས་རང་རྒྱལ་གྱིས་རིམས་འགོག་སྨན་ཁབ“ཞིབ་བཟོ་དང་། ཐོན་སྐྱེད། འཁོར་རྒྱུག རྒྱག་པ”བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་མ་ལག་བསྐྲུན་པ་དང་། ཅུང་འཐུས་སྒོ་ཚང་བའི་རིམས་འགོག་སྨན་ཁབ་ཀྱི་ལྟ་སྡོམ་སྒྲིག་གཞི་དང་། ཁྲིམས་སྲོལ་མ་ལག ཚད་ལྡན་དོ་དམ་བཅས་ལྡན་པ་བྱས་ཏེ་མང་ཚོགས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་བདེ་འཇགས་འགན་ལེན་བྱས་ཡོད་པ་རེད།
         རིགས་གཅིག་མཁས་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་ནི་མིག་སྔར་འཛམ་གླིང་ཐོག་རིམས་འགོག་སྨན་ཐོན་སྐྱེད་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པ་དང་། རིམས་འགོག་སྨན་ཐོན་སྐྱེད་ཁེ་ལས་ཁྱོན་45ཡོད་པ་དེས་རིམས་འགོག་སྨན་རིགས་63བཟོས་པ་དང་འགོས་ནད་རིགས་34སྔོན་འགོག་བྱེད་ཐུབ་ཀྱི་ཡོད་ལ། ལོ་རེར་རིམས་འགོག་སྨན་ཁབ་ཐོན་སྐྱེད་བྱེད་ཚད་དུང་ཕྱུར་10ཡན་ཟིན་གྱི་ཡོད་པས་འཛམ་གླིང་ཐོག་རང་ཉིད་ཀྱི་ནུས་པར་བརྟེན་ནས་འཆར་གཞིའི་ནད་འགོག་དང་རིམས་འགོག་སྨན་ཆ་ཚང་ཐག་གཅོད་བྱེད་མཁན་གྱི་རྒྱལ་ཁབ་དང་ས་ཁུལ་ཉུང་ཤས་ཀྱི་གྲས་ཤིག་ཡིན་པ་རེད།
         “རང་རྒྱལ་གྱིས་བཟོས་པ་དང་ནང་འདྲེན་བྱས་པའི་རིགས་གཅིག་པའི་རིམས་འགོག་སྨན་དེ་སྤུས་ཚད་ཀྱི་ཚད་གཞི་དང་། བདེ་འཇགས་རང་བཞིན། བེད་སྤྱོད་བཅས་ལ་ཧེ་བག་མངོན་གསལ་དོད་པོ་མེད”ཅེས་ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་ཝང་ཧྭ་ཆིང་གིས་བརྗོད་པ་དང་ཁོང་གིས་རང་རྒྱལ་གྱིས་བཟོས་པའི་རིམས་འགོག་སྨན་གྱིས་རྒྱལ་ཡོངས་སུ་དངོས་སུ་བརྒྱབ་པའི་རིམས་འགོག་སྨན་གྱི་95%ཡན་བཟུང་གི་ཡོད་ཅེས་བརྗོད་པ་རེད།
         རིམས་འགོག་སྨན་ཁབ་རྒྱག་པའི་བདེ་འཇགས་འགན་ལེན་བྱེད་པའི་ཐད། ཝང་ཡིའུ་ཁྲུན་གྱིས་རང་རྒྱལ་གྱིས་2006ལོ་ནས་བཟུང་རིམས་འགོག་སྨན་ཚང་མར་བཙན་ཐབས་ཀྱི་ཞིབ་དཔྱད་དང་ཞིབ་བཤེར་ལམ་ལུགས་སྤྱད་དེ་དོ་དམ་བྱས་པས་རིམས་འགོག་སྨན་གྱི་སྤུས་ཚད་བདེ་འཇགས་འགན་ལེན་ལ་ནུས་པ་གལ་ཆེན་ཞིག་ཐོན་ཡོད་ཅེས་བརྗོད་པ་རེད།
         ཝང་ཡིའུ་ཁྲུན་གྱིས་ཁྲོམ་རའི་ཐོག་རིམས་འགོག་སྨན་མ་སྤྱད་གོང་བཙན་ཐབས་ཀྱི་ཞིབ་དཔྱད་དང་ཞིབ་བཤེར་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད་པ་སྟེ། སྨན་རྫས་ཞིབ་བཤེར་སྒྲིག་གཞིས་ཚད་གཞི་གཞིར་བཟུང་རིམས་འགོག་སྨན་གྱི་སྟོན་རྟགས་ཁག་ལ་ཞིབ་དཔྱད་དང་དེའི་དཔྱད་ཡིག་ལ་ཞིབ་བཤེར་བྱེད་ཀྱི་ཡོད། དེ་ནི་སྤྱིར་བཏང་སྨན་རྫས་ཕུད་རིམས་འགོག་སྨན་གྱི་བདེ་འཇགས་དེ་བས་འགན་ལེན་བྱས་པ་ཞིག་རེད་ཅེས་ངོ་སྤྲོད་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2008ལོ་ཚུན་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ལོ་ལྟར་རིམས་འགོག་སྨན་ཁག་གཅིག་ལ་གདེང་འཇོག་རང་བཞིན་གྱི་འཐེན་བཤེར་བྱེད་ཀྱི་ཡོད་པ་སྟེ། ཐོན་སྐྱེད་དང་། འཁོར་རྒྱུག སྤྱོད་པ་བཅས་གསུམ་གྱི་ལྷུ་ཚིགས་ཐོག་ནས་རིམས་འགོག་སྨན་གྱི་ཐོན་རྫས་ལ་སྤུས་ཚད་ཞིབ་དཔྱད་དང་འབྲས་བུར་དབྱེ་ཞིབ་བྱེད་པ་དེ་རེད། 2008ལོ་ཚུན་རྒྱལ་ཁབ་ཀྱིས་རིམས་འགོག་སྨན་གྱི་ཐོན་རྫས་ཁག་ཐེངས་944ལ་འཐེན་བཤེར་བྱས་པའི་ནང་ཚད་ལོན་ཚད་99.6%ཟིན་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།