འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་རྟེན་གཞི་100ཙམ་
    བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་27ཉིན། 12:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་མཐོ་སློབ་ཀྱི་སློབ་གསོའི་ནང་ཕྱོགས་ཡོངས་ནས་མཉམ་འདྲེས་ཐུབ་པ་བྱ་ཆེད། ཉེ་ཆར། སློབ་གསོ་པུས་བརྡ་ཐོ་བཏང་ནས་རྒྱལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་ནང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་རྟེན་གཞི་བསྐྲུན་རྒྱུའི་གཏན་འབེབས་བྱས་པ་དང་། 2020ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་རྟེན་གཞི་100ཙམ་བསྐྲུན་རྒྱུ་ཡིན་པ་རེད།
         བརྡ་ཐོའི་ནང་། མཐོ་སློབ་ཀྱིས་མི་རིགས་ཀྱི་དམངས་ཁྲོད་རོལ་དབྱངས་དང་། མི་རིགས་ཀྱི་དམངས་ཁྲོད་རི་མོ། མི་རིགས་ཀྱི་དམངས་ཁྲོད་ཞབས་བྲོ། ཁྲང་ཞི། ཟློས་གར། གཞས་མ་གཏམ། སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་སོགས་སྲོལ་རྒྱུན་གྱི་རིག་གནས་རྣམ་གྲངས་འཛུགས་སྐྲུན་གྱི་རྒྱུན་འཛིན་རྟེན་གཞིར་དམིགས་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
         བརྡ་ཐོའི་ནང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་སློབ་ཚན་དེ་མཐོ་སློབ་ཀྱི་སྤྱི་པའི་སྒྱུ་རྩལ་དང་སྤྱི་པའི་ལུས་རྩལ་སློབ་ཚན་གྱི་མ་ལག་ནང་བཅུག་ནས་གདན་ཞུས་དགེ་རྒན་ཆེ་མོ་བའམ་ཡང་ན་ཞབས་ཞུ་ཉོ་སྒྲུབ་སོགས་ཀྱི་བྱ་ཐབས་བརྒྱུད་ས་གནས་ཁག་གི་མི་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་མཁས་ཅན་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ། དམངས་ཁྲོད་ཀྱི་སྒྱུ་རྩལ་པ། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཀྱི་རྒྱུན་འཛིན་པ་བཅས་སྒྲིག་འཛུགས་བྱས་ཏེ་སྒྱུ་རྩལ་རིགས་དང་ལུས་རྩལ་རིགས་མིན་པའི་ཆེད་ལས་སློབ་མར་ཕྱོགས་ནས་འདེམས་སྦྱོང་སློབ་ཚན་བཀོད་སྒྲིག་བྱེད་པ་དང་འབྲེལ་རིམ་དབྱེ་དོ་དམ་བྱས་ཏེ་རྒྱུན་འཛིན་རྟེན་གཞི་ཚང་མར་སློབ་གྲྭ་ཡོངས་ཀྱི་སློབ་མའི་འདེམས་སྦྱོང་སློབ་ཚན་ལ་ཕྱོགས་པའི་སློབ་ཁྲིད་ནང་དོན་ཁ་ཤས་ཡོད་པ་བྱེད་དགོས་པ་དང་། སློབ་ཚན་རེའི་སློབ་ཁྲིད་དུས་ཡུན་ཆུ་ཚོད་36དང་སློབ་དུས་སྐར་འགོད་2བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         བརྡ་ཐོའི་ནང་། 2018ལོར་རྒྱུན་འཛིན་རྟེན་གཞི་50ཙམ་འདེམས་སྒྲུག་བྱས་ནས་ཐོན་རྒྱུ་ཡིན་པ་དང་། རང་ཚུགས་ཁྲིམས་མིའི་གནས་བབ་ལྡན་པ་དང་འབྲེལ་ཡོད་རྒྱུན་འཛིན་རྣམ་གྲངས་ཀྱི་འཛུགས་སྐྲུན་ལས་དོན་གྱི་རྨང་གཞི་ལྡན་པའི་མཐོ་རིམ་སློབ་གྲྭ་ཚང་མས་རེ་ཞུ་བྱེད་ཆོག་ཅེས་བླང་བྱ་གསལ་པོ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།