འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།“རྒྱུད་གཅིག་ལམ་གཅིག”ཐོག་གི་མ་ལེ་ཞི་ཡའི་སེང་རྩེད་རྩེ་མཁན།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་27ཉིན། 11:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མ་ལེ་ཞི་ཡའི་ཞུའེ་ལན་ཨེ་ཀྲོའུ་ཡི་མངོན་གསལ་དེ་ཙམ་དོད་པོ་མེད་པའི་ཐོག་ཁང་ཞིག་གི་ཕྱི་རོལ་དུ་ཨ་ར་དཀར་པོ་ཡིན་པའི་ཤའོ་ཧྥེ་ཧུང་གིས་སེང་རྩེད་རྩེ་ཆས་ཀྱི་སེང་གེའི་མགོ་ཞིག་འཁྱེར་ནས་ཞིབ་ལྟ་བྱེད་བཞིན་འདུག ཁོང་རྒྱབ་ཀྱི་ཚོང་ཁང་དེར་རྒྱུ་ཆ་དང་། སྒྲིག་ཆས། སེང་གེའི་མགོ་བཅས་ཕུང་གསོག་བརྒྱབ་ནས་བཞག་པས་ཟང་ཟིང་ཞིག་མཐོང་གི་འདུག དེའི་རྒྱབ་ཀྱི་གྱང་སྟེང་དུ་གཟེངས་བསྟོད་བྱང་བུ་སྣ་ཚོགས་བཀལ་ནས་མི་ཚོས་གུས་བཀུར་བྱེད་འོས་པ་ཞིག་འདུག
         ད་ལོ་ལོ་63ལ་སོན་པའི་ཤའོ་ཧྥེ་ཧུང་གི་ཕ་ཡུལ་ཀོང་ཏུང་ཁྲའོ་ཀྲོའུ་ནས་ཡིན་པ་དང་ཆུང་དུས་ནས་སེང་རྩེད་སྦྱངས་རྗེས་དབན་ཧྲེང་ཞིང་འབྲུག་སེང་སྒྱུ་རྩལ་བཟོ་སྐྲུན་ཁང་བཙུགས་པ་དང་སེང་གེའི་མགོའི་ཐོན་རྫས་མཁོ་མང་སྤྲོད་ཉུང་གི་གནས་སུ་གྱར་ཡོད། ཤའོ་ཧྥེ་ཧུང་གི་ཀུན་གྱིས་འབོད་པའི་མིང་ལ“མ་ལེ་ཞི་ཡའི་སེང་རྒྱལ”ཞེས་བརྗོད་ཀྱི་ཡོད་པ་དང་ཁོང་གིས་སེང་རྩེད་རུ་ཁག་གི་སྣེ་ཁྲིད་དེ་རྒྱལ་སྤྱིའི་སེང་རྩེད་འགྲན་བསྡུར་ཆེ་མོའི་ཁྲོད་ཞུགས་ནས་བྱ་དགའ་ཐོབ་ལས་མ་ལེ་ཞི་ཡའི་སེང་རྩེད་རྒྱལ་སྤྱིའི་གར་སྟེགས་ཐོག་འཁྲབ་ཐུབ་པ་བྱས་ཡོད།
         དེ་དག་ཚང་མར་ཤའོ་ཧྥེ་ཧུང་ལ་ཆུང་དུས་ནས་བག་ཆགས་ཟབ་མོ་ཡོད་པ་དང་ཀྲུང་ཧྭ་རིག་གནས་ལ་དགའ་ཞེན་བྱས་པ་ལས་བྱུང་བ་ཞིག་རེད། ཁོང་ཆུང་དུས་ཕ་མ་དང་མཉམ་དུ་ཁྲང་ཞི་ལྟ་བ་དང་དྲག་རྩལ་སྦྱོང་བ་སོགས་བྱས་པས་རང་ཤུགས་ཀྱིས་སེང་རྩེད་དང་དྲག་རྩལ་ལ་དགའ་བར་གྱུར་ཡོད།
         ཤའོ་ཧྥེ་ཧུང་གིས་རང་ཁྱིམ་གྱིས་དེ་སྔ་ཞིང་ར་གཉེར་སྐྱོང་བྱེད་ཀྱི་ཡོད་རུང་མཐར་སེང་རྩེད་དེ་ལས་རིགས་ཏུ་གྱུར་ཡོད། དེ་སྔོན་མ་ལེ་ཞི་ཡ་དང་ཀྲུང་གོའི་དབར་འགྲོ་འོང་དེ་ཙམ་མང་པོ་མེད་པས་སེང་རྩེད་ཐད་ཀྱི་ཡོ་བྱད་རག་ཐབས་བྲལ་སྟབས་ཤའོ་ཧྥེ་ཧུང་གིས་སེང་གེའི་མགོ་བཟོ་འགོ་བརྩམས།
         གྲོགས་པོ་ཁག་གཅིག་གིས་ཁོང་གིས་སེང་གེའི་མགོ་ཡག་པོ་བཟོ་གི་ཡོད་པ་ཤེས་འཕྲལ་རྟག་ཏུ་རོགས་པ་བྱེད་པར་འབོད་ཀྱི་ཡོད། དེ་ལྟར་ཁོང་གི“དགའ་མོས”དེ་ལས་རིགས་ལ་གྱུར་ཡོད། ཤའོ་ཧྥེ་ཧུང་གིས“རང་ཉིད་ཀྱིས་སེང་གེའི་མགོ་ཐོག་མར་བཟོ་སྐབས་1983ནས་1985ལོ་བར་ཡིན་པ་དང་1986ལོར་སླེབས་སྐབས་རང་ཉིད་ཀྱི་ལས་རིགས་ལ་དངོས་སུ་འགྱུར་ཡོད། དགའ་མོས་དེ་ཚེ་གང་གི་ལས་རིགས་ལ་གྱུར་པས་བསྐལ་པ་བཟང་པོ་ཞིག་རེད་སྙམ་གྱི་འདུག”ཅེས་བཤད།
         1986ལོར་དབན་ཧྲེང་ཞིང་སེང་འབྲུག་སྒྱུ་རྩལ་བཟོ་སྐྲུན་ཁང་བཙུགས་ནས་ལོ་30ལྷག་ཙམ་ནང་ཤའོ་ཧྥེ་ཧུང་གི་སེང་རྩེད་ཐད་ཀྱི་ལྟ་སྟངས་ལ་འགྱུར་ལྡོག་གམ་རིམ་སྤོར་བྱུང་ནས“དང་ཐོག་རང་ཉིད་ཀྱིས་སེང་རྩེད་ཀྱིས་མི་ལ་གཟི་རྔམ་ལྡན་པའི་ཚོར་སྣང་ཞིག་སྦྱིན་གྱི་ཡོད་པའི་སྣང་བ་ཡོད་རུང་། རང་ཉིད་དྲག་རྩལ་ལ་དགའ་པོ་ཡོད། རྗེས་སུ་རང་ཉིད་ཀྱིས་དེ་ནི་རིག་གནས་རྒྱུན་འཛིན་ཞིག་ཡིན་པའི་སྣང་བ་ཡོང་གི་འདུག”ཅེས་བཤད།
         ཤའོ་ཧྥེ་ཧུང་གིས“རིག་གནས་རྒྱུན་འཛིན་ཞེས་པས་ཡང་སྙིང་གང་བརྒྱུད་སྤྲོད་བྱེད་དགོས་སམ། ཕྱི་ངོས་ཀྱི་ལག་རྩལ་དང་སྒྱུ་རྩལ་ཡིན་ནམ་ཡང་ན་བསམ་པའི་ནང་དོན་ཡིན་ནམ”སོགས་ལ་རིམ་བཞིན་བསམ་བློ་གཏིང་ཟབ་བཏང་རྗེས་རང་ཉིད་ལ་དེའི་ཐད་ངོས་འཛིན་ཟབ་མོ་བྱུང་སྟེ“ངའི་བསམ་པར་ལག་རྩལ་དང་སྒྱུ་རྩལ་ས་ཡིན་ནའང་འདྲ་ལུས་རྩལ་ཡིན་ནའང་འདྲ་ཚང་མར་ནང་དོན་ཟབ་མོ་ལྡན་པ་བྱས་ནས་ཀུན་སྤྱོད་དང་། འདུ་ཤེས། བསམ་བློ་བཅས་གཅིག་ཏུ་བསྡུ་ཐུབ་པ་བྱེད་དགོས་པ”ངོས་འཛིན་ཐུབ་ཡོད།
         ཤའོ་ཧྥེ་ཧུང་གིས“མི་ཚོས་སེང་རྩེད་རྩེ་བ་མཐོང་སྐབས་ལམ་སེང་ཀྲུང་ཧྭའི་རིག་གནས་དྲན་ཐུབ་པ་དགོས། ཀྲུང་ཧྭའི་རིག་གནས་ཀྱི་སྙིང་བཅུད་གང་དུ་ཡོད་དམ་ཞེ་ན། དེ་ནི་ཕྱི་ཚུལ་ཙམ་ག་ལ་ཡིན། དེའང་སེང་རྩེད་གཟི་རྔམ་ཆེ་རུང་དེའི་རིན་ཐང་ངོ་མ་ནི་རིག་གནས་ཀྱི་དོན་སྙིང་ལྡན་པ་དེ་ལྟ་བུ་ཡིན”ཞེས་བཤད།
         ཤའོ་ཧྥེ་ཧུང་གི་དགེ་ཕྲུག་ནང་མ་ལེ་ཞི་ཡའི་ཕྱི་ཁོངས་་ཀྲུང་གོ་བ་ཡོད་ལ་རིགས་རྒྱུད་གཞན་གྱི་རྒྱུད་པ་དང་ད་དུང་ཧྥ་རན་སེ་དང་། སི་ཕེན། ཆི་ལི་སོགས་རྒྱལ་ཁབ་ནས་ཡོང་བའི་ཕྱི་རྒྱལ་བའང་ཡོད། ཁོང་གིས་དགེ་ཕྲུག་ཚོར་རྟག་ཏུ་རང་ཉིད་ཀྱི་འདུ་ཤེས་བརྒྱུད་སྤྲོད་བྱེད་ཀྱི་ཡོད། “ངས་དུས་རྟག་ཏུ་ཁོང་ཚོར་རྒན་ལགས་ཀྱིས་ལག་རྩལ་དང་སྒྱུ་རྩལ་ཐད་ཁྱེད་ཚོར་ཚུ་ཚད་མཐོ་པོ་ཞིག་སླེབས་པ་བྱེད་མི་ཐུབ་ཀྱང་ཁྱེད་ཚོར་འབྲས་བུ་ཡག་པོ་ཞིག་སྨིན་པའི་རེ་བ་བྱེད་ཀྱི་ཡོད། རྩལ་སྦྱོང་མི་ཐུབ་རུང་མི་ཡག་པོ་ཞིག་བྱེད་དགོས་པའི་གནས་ལུགས་སྦྱོང་ཐུབ”ཅེས་ཤོད་ཀྱི་ཡོད།
         ཤའོ་ཧྥེ་ཧུང་གིས་བལྟས་ཚེ་ཀྲུང་ཧྭ་ཡི་རིག་གནས་ནི་བཞུ་ཐབ་ཞིག་དང་འདྲ་བར་བཙན་དབང་གི་བསམ་བློ་མེད། དེང་གི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལྟར་ཨེ་ཤེ་ཡ་ཤར་ལྷོ་དང་ཐ་ན་འཛམ་གླིང་གི་ཁྱབ་ཁོངས་ཧྲིལ་པོའི་ནང་དཔལ་འབྱོར་དང་རིག་གནས་སོགས་ཁྱབ་ཁོངས་ལ་ཐོབ་པའི་གྲུབ་འབྲས་ནི་གཉིས་ཁེ་རེད། “གཞན་ནས་ཁེ་ཕན་གང་རུང་ཞིག་ཐོབ་པའི་ཆེད་དུ་མིན་པར་ང་ཚོ་ཚང་མར་གཉིས་ཁེ་ཡོང་བའི་ཆེད་དུ་ཡིན”པ་དེ་རེད།
         ཉིན་མོའི་ལས་ཀའི་བར་སེང་དུ་ཤའོ་ཧྥེ་ཧུང་གིས་སེང་གེའི་མགོ་རང་ཉིད་ཀྱི་མགོ་ཐོག་ཏུ་གྱོན་ནས་ལྟ་སྐོར་དུ་ཡོང་བའི་ཕྲུ་གུ་ཚོར་ངང་རྒྱུད་རིང་པོས་གསལ་འགྲེལ་བྱེད་པ་དང་དགོང་མོ་ས་གནས་དེ་གའི་སེང་རྩེད་ཚོགས་པའི་སྦྱོང་བརྡར་ལ་མཛུབ་སྟོན་བྱེད་པར་འགྲོ་གི་ཡོད། ཁོང་གིས་སེང་རྩེད་རྩེ་སྟངས་དང་རྔ་བརྡུང་སྟངས་སོགས་ཟིན་བྲིས་བཀོད་དེ་དེབ་བཏོན་ནས་སླད་ཕྱིན་བརྒྱུད་སྤྲོད་བྱེད་བདེ་པོ་ཡོང་བ་བྱེད་ཀྱི་ཡོད་ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།