འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོ་ཀྲུང་དབྱང་གིས་ས་གནས་ཀྱི་སློབ་གསོར་སྤོ་སྒྱུར་གཏོང་སྤྲོད་སྒོར་དུང་ཕྱུར་130
    ཙམ་གསར་སྣོན་བྱེད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་27ཉིན། 12:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་25ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་ཀྱི་འཆར་ཅན་བརྡ་གཏོང་ཚོགས་འདུའི་ཐོག སློབ་གསོ་པུའི་པུའུ་ཀྲང་གི་ལས་རོགས་ཀྲེན་ཕུའུ་ཀྲི་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། 2018ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་ས་གནས་ཀྱི་སློབ་གསོར་སྤོ་སྒྱུར་གཏོང་སྤྲོད་སྒོར་དུང་ཕྱུར་130ཙམ་གསར་སྣོན་བྱས་ནས་ས་ཁུལ་དབུལ་པོ་དང་ཉམས་ཞན་ལྷུ་ཚིགས་ལ་གཟིགས་སྐྱོང་སྔར་བས་མང་བ་བྱ་རྒྱུ་ཡིན་པ་རེད།
        ཉེ་བའི་ལོ་ཤས་རིང་། སློབ་གསོའི་གཏོང་ཆ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་སྦྲགས་གཏོང་སྒོའི་གྲུབ་ཆ་ནུས་ཤུགས་ཡོད་རྒུས་ལེགས་སྒྲིག་ལེགས་འགྱུར་ཡང་བྱས་ཡོད། སྤོ་སྒྱུར་གཏོང་སྤྲོད་ཐད་གཟིགས་སྐྱོང་བྱས་ནས་ལོ་ལྔ་ཡི་རིང་ཀྲུང་དབྱང་ནོར་སྲིད་ཀྱིས་ས་གནས་ཀྱི་སློབ་གསོར་སྤོ་སྒྱུར་གཏོང་སྤྲོད་བྱས་པའི་80%ཡན་དབུས་ནུབ་ས་ཁུལ་ལ་སྤྱད་པ་རེད། ཀྲུང་དབྱང་ནོར་སྲིད་ཀྱིས་འགན་བགོས་ཐད་གཟིགས་སྐྱོང་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སྤྱི་སྤྱོད་འགྲོ་གྲོན་དང་། མཐོ་རིམ་སློབ་འབྲིང་དཀྱུས་མ་དང་། འབྲིང་རིམ་ལས་རིགས་སློབ་གྲྭ མཐོ་སློབ་དཀྱུས་མའི་རྒྱལ་ཁབ་ཀྱི་སློབ་སྐྱོར་རོགས་དངུལ་སོགས་ཀྱི་རོགས་སྐྱོར་རྣམ་གྲངས་ལ་ཆ་མཚོན་ན། ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱི་འགན་ལེན་བསྡུར་གྲངས་ནི་ནུབ་རྒྱུད་ས་ཁུལ་ལ་8∶2དང་དབུས་ནུབ་ས་ཁུལ་ལ་6∶4ཡིན་པ་དེ་ཐོག་ནས་དཀའ་ངལ་ཡོད་པའི་ས་ཁུལ་ལ་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱེད་ལུགས་མཚོན་ཡོད་པ་རེད། དབུལ་པོའི་རྒྱུ་རྐྱེན་ལ་བསམ་གཞིག་གང་ལེགས་བྱས་ནས་གནད་སྨིན་རོགས་དངུལ་ལག་བསྟར་གྱིས་ཡིག་ཚགས་དང་གཱ་བཟོས་པ་སོགས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མར་སྔོན་ལ་རོགས་དངུལ་ཐོབ་རྒྱུ་གཙོ་གནད་ཐོག་འགན་ལེན་བྱས་ཡོད་པ་རེད།
        ཀྲེན་ཕུའུ་ཀྲི་ཡིས་ངོ་སྤྲོད་བྱས་དོན། དབུས་ནུབ་རྒྱུད་དང་གྲོང་གསེབ་ཀྱི་སློབ་གསོར་མངོན་གསལ་དོད་པོས་ཤུགས་སྣོན་བརྒྱབ་ཅིང་། རྒྱལ་ཁབ་ཀྱི་ནོར་སྲིད་རང་བཞིན་གྱི་སློབ་གསོའི་འགྲོ་གྲོན་བེད་སྤྱོད་བྱེད་ཚུལ་ལ་བལྟས་ན། ནུབ་རྒྱུད་ས་ཁུལ་གྱི་འཕར་ཚད་མགྱོགས་པོ་ཡོད་ཅིང་། 2012ལོ་ནས་2017ལོ་བར་ལོ་རེར་ཆ་སྙོམས་8.42%འཕར་བ་དང་། སློབ་གསོའི་དུས་མཚམས་ལ་བལྟས་ན། ནོར་སྲིད་རང་བཞིན་གྱི་སློབ་གསོའི་འགྲོ་གྲོན་ཕྱེད་ཀ་ཡན་འོས་འགན་སློབ་གསོར་བཏང་ཡོད། སློབ་ཞུགས་གོང་གི་སློབ་གསོའི་འཕར་ཚད་མགྱོགས་པོ་ཡོད་ཅིང་། 2012ལོ་ནས་2017ལོ་བར་ལོ་རེར་ཆ་སྙོམས་15.89%འཕར་བ། རོགས་དངུལ་སྤྲོད་ཡུལ་ལ་བལྟས་ན། 2017ལོར་སློབ་མ་དབུལ་པོར་རོགས་དངུལ་སྤྲོད་ཚད་སྒོར་དུང་ཕྱུར་1800ལྷག་ཙམ་ཟིན་པ་དང་རོགས་དངུལ་སྤྲད་པའི་སློབ་མ་མི་ཐེངས་ཁྲི་9600ཟིན་ཡོད་པ་རེད།
         ཀྲེན་ཕུའུ་ཀྲི་ཡིས་ངོ་སྤྲོད་བྱས་དོན། རྗེས་སུ་ད་ཡོད་ཀྱི་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་ཏེ་གཟིགས་སྐྱོང་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུ་ཡིན་ཞིང་། ཉམས་ཞན་ལྷུ་ཚིགས་ལ་གཟིགས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་འོས་འགན་སློབ་གསོའི“གྲོང་ཁྱེར་གྱི་འཚང་ཁ”ཡི་གནད་དོན་ལ་དམིགས་ནས་ཉམས་ཞན་ལེགས་བཅོས་འཆར་གཞིའི་མ་དངུལ་བེད་སྤྱོད་བྱེད་ཕྱོགས་ལ་ཞིབ་འཇུག་དང་ལེགས་སྒྲིག་བྱེད་པ་དང་། ས་ཁུལ་ཁག་གི་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི“སློབ་མའི་གྲངས་འབོར་ཚད་ལས་བརྒལ་བའི་འཛིན་གྲྭ”གཞི་རྩའི་ཆ་ནས་མེད་པ་བཟོ་རྒྱུར་དམ་འཛིན་ལྷོད་མེད་བྱས་ཏེ་2018ལོར“སློབ་མའི་གྲངས་འབོར་ཚད་ལས་ཤུགས་ཆེན་བརྒལ་བའི་འཛིན་གྲྭ”གཞི་རྩའི་ཆ་ནས་མེད་པ་བཟོ་རྒྱུ་དང་། 2020ལོར“སློབ་མའི་གྲངས་འབོར་ཚད་ལས་བརྒལ་བའི་འཛིན་གྲྭ”གཞི་རྩའི་ཆ་ནས་མེད་པ་བཟོ་རྒྱུའི་དམིགས་ཚད་རིམ་བཞིན་མངོན་འགྱུར་བྱ་རྒྱུ་རེད། “གྲོང་གསེབ་ཀྱི་ཉམས་ཞན”གནད་དོན་ལ་དམིགས་ནས་སློབ་གཉེར་འགྲོ་གྲོན་ཐད་གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་ཤང་དང་གྲོང་རྡལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་སྤྱི་སྤྱོད་འགྲོ་གྲོན་གྱི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ་དང་། ས་ཁུལ་ཁག་གིས་གྲོང་གསེབ་ཀྱི་སློབ་མ་100ཡང་མ་ཟིན་པའི་གཞི་ཁྱོན་ཆུང་བའི་སློབ་གྲྭར་སློབ་མ་100ལ་གཞིགས་ནས་སྤྱི་སྤྱོད་འགྲོ་གྲོན་སྤྲོད་རྒྱུར་སྐུལ་འདེད་གཏོང་རྒྱུ། གྲོང་གསེབ་ཀྱི་ཞག་སྡོད་ལམ་ལུགས་སློབ་གྲྭར་སློབ་མ་རེར་སྒོར་200ཡི་ཚད་གཞིར་གཞིགས་ནས་སྤྱི་སྤྱོད་འགྲོ་གྲོན་གྱི་ཁ་གསབ་མང་དུ་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ་རེད། གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་ཐད་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཆ་རྐྱེན་ཡོད་པའི་ས་ཁུལ་ལ་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུར་སྐུལ་ལྕག་བྱེད་རྒྱུ། འོས་འགན་སློབ་གསོའི་དགེ་རྒན་གྱི་ཆ་སྙོམས་གླ་ཕོགས་ཡོང་འབབ་ཀྱི་ཆུ་ཚད་ས་གནས་དེ་གའི་གཞུང་ཞབས་པའི་ཆ་སྙོམས་གླ་ཕོགས་ཆུ་ཚད་ལས་མི་དམའ་བ་རིམ་བཞིན་མངོན་འགྱུར་ཐུབ་པ་བྱེད་རྒྱུ་རེད།
         ས་ཁུལ་དབུལ་པོར་གཟིགས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། 2018ལོ་ནས་2020ལོ་བར། ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་70གསར་སྣོན་བཀོད་སྒྲིག་བྱས་ཏེ“ལྗོངས་གསུམ་དང་ཀྲོའུ་གསུམ”གྱི་སློབ་གསོའི་དབུལ་སྐྱོར་འགག་སྒྲོལ་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱ་རྒྱུ་དང་། 2018ལོར་དམིགས་བསལ་ལས་གནས་ཁྲི་1གསར་དུ་བསྣན་ནས“ལྗོངས་གསུམ་དང་ཀྲོའུ་གསུམ”སོགས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་གཙོ་གནད་དུ་གཟིགས་སྐྱོང་བྱ་རྒྱུ། 2018ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་ས་གནས་ཀྱི་མཐོ་སློབ་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་མ་དངུལ་སྒོར་དུང་ཕྱུར་17གསར་དུ་བསྣན་ནས་ས་གནས་ཀྱི་མཐོ་སློབ་ཀྱི“རྩེར་སོན་གཉིས”འཛུགས་སྐྱོང་དང“ཞིང་ཆེན་རེ་ལ་སློབ་གྲྭ་རེ”འཛུགས་སྐྲུན་བྱ་རྒྱུར་གཙོ་གནད་དུ་རྒྱབ་སྐྱོར་བྱས་ནས་དབུས་ནུབ་རྒྱུད་ཀྱི་མཐོ་སློབ་ལ་གཟིགས་སྐྱོང་དེ་བས་མང་བ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།